རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །​དེ་དག་རྣམས་ཀྱི་དེ་ཀུན་རྫོགས་གྱུར་ཅིག །​སེམས་ཅན་གང་དག་སེམས་དམྱལ་མི་བཟད་སྐྱེས། །​ལུས་ལ་མེ་ལྕེ་ཀུན་ཏུ་རབ་ཏུ་འབར། །​སྐྱབས་མེད་མྱ་ངན་བཅས་ཤིང་ཡོངས་འཁྱམ་པ། །​མེ་རྣམས་དེ་དག་རབ་ཏུ་ཞི་བར་ཤོག །སེམས་དམྱལ་ཡི་དགས་མི་ཡི་འཇིག་རྟེན་ན། །​སེམས་ཅན་སྡུག་བསྔལ་མི་བཟད་དྲག་པོ་གང་། །​རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །​དེ་དག་རྣམས་ཀྱི་སྡུག་བསྔལ་ཀུན་ཞི་ཤོག །​རྟེན་མེད་དཔུང་གཉེན་མེད་པ་དང་། །​སྐྱབས་མེད་པར་ཡང་གྱུར་པ་དག །​དེ་རྣམས་ལ་ནི་སྐྱོབ་པ་དང་། །​དཔུང་གཉེན་རྟེན་མཆོག་བདག་གྱུར་ཅིག །​སངས་རྒྱས་རྐང་གཉིས་དམ་པ་དག །​ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །​གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །​བཞུགས་པ་བདག་ལ་དགོངས་སུ་གསོལ། །​བདག་གིས་སྔོན་ཅད་སྡིག་པའི་ལས། །​ཤིན་ཏུ་མི་བཟད་གང་བགྱིས་པ། །​སྟོབས་བཅུའི་སྤྱན་སྔར་བདག་མཆིས་ཏེ། །​དེ་དག་ཐམས་ཅད་བཤགས་པར་བགྱི། །​ཕ་མ་དག་ཏུ་མི་འཛིན་དང་། །​སངས་རྒྱས་རྣམས་སུ་མི་འཛིན་དང་། །​དགེ་བ་དག་ཏུ་མི་འཛིན་པས། །​སྡིག་པ་བདག་གིས་གང་བགྱིས་པ། །ཕྱུག་པའི་རྒྱགས་པས་དྲེགས་པ་དང་། །​རིགས་དང་ལོངས་སྤྱོད་རྒྱགས་པ་དང་། །​བཞོན་པའི་རྒྱགས་པས་དྲེགས་པ་ཡིས། །​བདག་གིས་སྡིག་པ་གང་བགྱིས་དང་། །​ཉེས་བསམས་ཉེས་པར་སྨྲས་པ་དང་། །​ཉེས་པར་བགྱིས་པའི་ལས་རྣམས་དང་། །​ཉེས་པའི་དམིགས་སུ་མ་བལྟས་པས། །​བདག་གིས་སྡིག་པ་གང་བགྱིས་དང་། །​བྱིས་པའི་བློ་ཡི་འཇུག་པ་དང་། །​མི་ཤེས་མུན་པའི་སེམས་དང་ནི། །​སྡིག་པའི་གྲོགས་པོའི་དབང་གྱུར་དང་། །​ཉོན་མོངས་རྣམ་པར་འཁྲུག་སེམས་དང་། །​རྩེད་མོ་དགའ་བའི་དབང་ཉིད་དང་། །​མྱ་ངན་དང་ནི་ནད་དབང་དང་། །​ནོར་གྱིས་མི་ཆོག་ཉེས་པ་ཡིས། །​བདག་གིས་སྡིག་པ་གང་བགྱིས་དང་། །​འཕགས་མིན་སྐྱེ་བོ་འདྲེ་བ་དང་། །​ཕྲག་དོག་སེར་སྣའི་རྒྱུ་དང་ནི། །​གཡོ་དང་དབུལ་བའི་ཉེས་པ་ཡིས། །​བདག་གིས་སྡིག་པ་གང་བགྱིས་དང་། །​ཕོངས་པ་བྱུང་བའི་དུས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh557/UT22084-090-001-1855#UT22084-090-001-1855