ཀྱི་ཚེ། །​འདོད་པ་རྣམས་ཀྱི་འཇིགས་རྒྱུ་དང་། །​ཕྱུག་པོ་མ་ཡིན་གྱུར་པ་ཡིས། །​བདག་གིས་སྡིག་པ་གང་བགྱིས་དང་། །​གཡོ་བའི་སེམས་ཀྱིས་དབང་ཉིད་དང་། །​འདོད་དང་ཁྲོ་བའི་དབང་དག་དང་། །​བཀྲེས་དང་སྐོམ་གྱིས་ཉེན་པ་ཡིས། །​བདག་གིས་སྡིག་པ་གང་བགྱིས་དང་། །​བཟའ་བ་དག་དང་བཏུང་བ་དང་། །​བུད་མེད་རྒྱུ་དང་གོས་ཀྱི་ཕྱིར། །​ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །​བདག་གིས་སྡིག་པ་གང་བགྱིས་དང་། །​ལུས་དང་ངག་དང་ཡིད་ཀྱི་སྡིག །​ཉེས་པར་སྤྱད་པ་རྣམ་གསུམ་བསགས། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །​དེ་དག་ཐམས་ཅད་བདག་འཆགས་སོ། །​སངས་རྒྱས་རྣམས་དང་ཆོས་རྣམས་དང་། །​དེ་བཞིན་ཉན་ཐོས་རྣམས་ལ་ཡང་། །​གུས་པ་མ་ལགས་གང་བགྱིས་པ། །​དེ་དག་ཐམས་ཅད་བདག་འཆགས་སོ། །​གང་ཡང་རང་སངས་རྒྱས་རྣམས་དང་། །​བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །​གུས་པ་མ་ལགས་བགྱིས་པ་རྣམས། །​དེ་དག་ཐམས་ཅད་བདག་འཆགས་སོ། །​དམ་ཆོས་སྨྲ་བ་རྣམས་ལ་ཡང་། །​གུས་པ་མ་ལགས་བགྱིས་པ་དང་། །​ཆོས་ལའང་གུས་པར་མ་བགྱིས་པ། །​དེ་དག་ཐམས་ཅད་བདག་འཆགས་སོ། །​བདག་གིས་རྟག་ཏུ་མི་ཤེས་པས། །​དམ་པའི་ཆོས་ནི་སྤངས་པ་དང་། །​ཕ་མ་རྣམས་ལ་མ་གུས་དང་། །​དེ་དག་ཐམས་ཅད་བདག་འཆགས་སོ། །​བླུན་པ་དང་ནི་བྱིས་པ་དང་། །​འདོད་ཆགས་ཞེ་སྡང་གཏི་མུག་དང་། །​ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །​དེ་དག་ཐམས་ཅད་བདག་འཆགས་སོ། །​བདག་གིས་ཕྱོགས་བཅུའི་འཇིག་རྟེན་དུ། །​སྟོབས་བཅུ་རྣམས་ལ་མཆོད་པར་བགྱི། །​བདག་གིས་ཕྱོགས་བཅུར་སེམས་ཅན་རྣམས། །​སྡུག་བསྔལ་ཀུན་ལས་འདོན་པར་བགྱི། །​སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །​ས་བཅུ་ལ་ནི་དགོད་པར་བགྱི། །​ས་བཅུ་ལ་ནི་གནས་ནས་ཀྱང་། །​ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག །​ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས། །​དེ་ཀུན་ཐར་བགྱི་ནུས་སྲིད་དུ། །​སེམས་ཅན་རེ་རེའི་ཕྱིར་ཡང་ནི། །​བསྐལ་པ་བྱེ་བར་སྤྱད་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh557/UT22084-090-001-1856#UT22084-090-001-1856