རིན་ཆེན་བཻ་ཌཱུརྱ་དག་གི། །​ཁྲི་ལ་སངས་རྒྱས་རྣམས་བཞུགས་ཏེ། །​བརྒྱ་སྟོང་ཕྲག་ནི་དུ་མ་ཡི། །​འཁོར་དབུས་མདུན་གྱིས་བལྟས་པ་མཐོང་། །​བྲམ་ཟེའི་གཟུགས་ནི་འདྲ་བ་ཞིག །​རྔ་ཆེན་རབ་ཏུ་བརྡུང་བ་མཐོང་། །​དེ་ཡིས་དེ་ལ་བརྡུངས་པ་དང་། །​ཚིགས་སུ་བཅད་པ་འདི་དག་བྱུང་། །​གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །​སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན། །​ངན་སོང་སྡུག་བསྔལ་གཤིན་རྗེའི་སྡུག་བསྔལ་དང་། །​དབུལ་བའི་སྡུག་བསྔལ་མ་ལུས་ཞི་བར་ཤོག །​རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །​འཇིག་རྟེན་རྨོངས་པ་ཐམས་ཅད་ཞི་གྱུར་ཅིག །​ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགས་ཞི་ལྟར། །​སེམས་ཅན་འཇིགས་མེད་འཇིགས་དང་བྲལ་བར་ཤོག །​ཇི་ལྟར་འཁོར་བར་ཀུན་མཁྱེན་ཐུབ་དབང་པོ། །​འཕགས་པའི་ཡོན་ཏན་ཀུན་དང་ལྡན་པ་ལྟར། །​སྐྱེ་དགུ་ཏིང་འཛིན་བྱང་ཆུབ་ཡན་ལག་གི། །​ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་མཚོར་གྱུར། །​རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །​སེམས་ཅན་ཐམས་ཅད་ཚངས་པའི་དབྱངས་ལྡན་གྱུར། །​སངས་རྒྱས་བྱང་ཆུབ་དམ་པ་མཆོག་རེག་ཤོག །​ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་གྱུར་ཅིག །​བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག །​འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག །​ཉོན་མོངས་འཇོམས་གྱུར་སྡུག་བསྔལ་སེལ་བར་ཤོག །​འདོད་ཆགས་ཞེ་སྡང་གཏི་མུག་ཞི་གྱུར་ཅིག །​སེམས་ཅན་གང་དག་ངན་སོང་སར་གནས་ཏེ། །​རུས་པའི་ལུས་ལ་མེ་ལྕེ་རབ་འབར་བ། །​དེ་དག་རྔ་ཆེན་བསྒྲགས་པ་ཐོས་གྱུར་ཅིག །​སངས་རྒྱས་ཕྱག་འཚལ་ལོ་ཞེས་ཚིག་ཐོས་ཤོག །​སེམས་ཅན་ཀུན་གྱིས་ཚེ་རབས་བརྒྱ་དག་དང་། །​སྐྱེ་བ་སྟོང་ཕྲག་བྱེ་བར་སྐྱེ་དྲན་ཤོག །​ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིང་། །​དེ་དག་གི་ནི་རྒྱ་ཆེན་གསུང་ཐོས་ཤོག །​རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །​སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་རྙེད་གྱུར། །​སྡིག་པའི་ལས་རྣམས་རྣམ་པར་སྤོང་བར་ཤོག །​བྱ་བ་དགེ་བ་རྣམས་ནི་སྤྱོད་གྱུར་ཅིག །​མི་དང་ལྷ་དང་སྲོག་ཆགས་ཐམས་ཅད་ཀྱིས། །​དེ་དག་བསམ་དང་སྨོན་ལམ་གང་ཡིན་པ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh557/UT22084-090-001-1854#UT22084-090-001-1854