ཞགས་པ་ཐོ་བ་མདའ་དག་དང་། །​བརྟུལ་ཞུགས་ཅན་གྱིས་གཞུ་བཅས་བསྒོམ། །​ཨོཾ་པུཀྐ་སཱི་ཨཾ་ཞེས་སྔགས་བརྗོད་དོ། །​འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ནི། །​དེ་ནས་ཡང་དག་བཤད་བྱ་བ། །​དེ་ཡི་མོད་ལ་མི་སྣང་བར། །​འཇམ་པའི་རྡོ་རྗེ་གྲགས་འགྱུར་བ། །​འབར་བའི་གསེར་འོད་འདྲ་བ་ཡི། །​སེར་པོ་ཞལ་གསུམ་ཕྱག་དྲུག་པ། །​གཞོན་ནུའི་གཟུགས་ནི་འཛིན་པའི་མགོན། །​མི་མཐོང་བྱ་བའི་དོན་དུ་བསྒོམ། །​ཤར་དུ་མཛེས་མ་དགོད་པར་བྱ། །​དེ་བཞིན་ལྷོ་རུ་སྐྲ་ཅན་མ། །​ནུབ་ཏུ་སེར་པོ་བསྒོམ་པར་བྱ། །​བྱང་དུ་ཉེ་བའི་སྐྲ་ཅན་མ། །ཐམས་ཅད་ཕྱག་ན་རལ་གྲི་དང་། །​འཁོར་ལོ་ལ་སོགས་གཞན་ལ་དགོད། །​ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །​སྣ་ཚོགས་རྒྱན་གྱིས་བརྒྱན་པའོ། །​ས་བོན་ཡི་གེ་མཾ་ལས་བྱུང་། །​དཀྱིལ་འཁོར་གྱི་ནི་དབུས་ན་བཞུགས། །​ཐམས་ཅད་ཞབས་ནི་གཡོན་བརྐྱང་བས། །​རི་བོང་ཅན་གྱི་གདན་ལ་བཞུགས། །​འོད་ཟེར་ཅན་དང་རི་ཁྲོད་མ། །​དེ་བཞིན་ནོར་འཛིན་སྐུལ་བྱེད་མ། །​མེ་ལ་སོགས་པའི་མཚམས་བཞི་རུ། །​བསྡུས་པ་དགོད་བྱ་སྙིང་པོ་ལའོ། །​མྱ་ངན་མེད་དང་ཡལ་འདབ་དང་། །​འབྲས་ཀྱི་སྙེ་མ་དབྱིག་པའོ། །​སེར་དང་ལྗང་དང་ཡང་སེར་པོ། །དཀར་པོའི་ལུས་ནི་བསྒོམ་པར་བྱ། །​ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །​དཀྱིལ་འཁོར་དག་ཏུ་གདབ་པར་བྱ། །​ཐོ་བ་ལ་སོགས་སྒོ་བ་བཞི། །​བསྒོམས་ན་མཐོང་བར་མི་འགྱུར་རོ། །​དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ལས་འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་སྟེ་རིམ་པར་ཕྱེ་བ་བཅུ་བཞི་པའོ།​། །​།འཕགས་པ་ཛི་གུ་ལིའི་སྒྲུབ་ཐབས། །​དེ་ནས་ཡང་དག་བཤད་པར་བྱ། །​གང་ཞིག་བསྒོམ་པ་ཙམ་གྱིས་ནི། །​ཆུ་ཡི་སྟེང་ནས་འགྲོ་འགྱུར་བ། །​སེར་པོ་ཞལ་གསུམ་ཕྱག་དྲུག་པ། །ས་བོན་ཕུཿལས་ཡང་དག་བྱུང་། །​སྐུ་ཆེན་ཕྱག་ན་སྦྲུལ་བསྣམས་པ། །​རྨ་བྱ་ལ་ནི་ཞོན་པ་དགོད། །​ཤར་དུ་རྨ་བྱ་དགོད་པར་བྱ། །​དེ་བཞིན་ལྷོ་རུ་ཁྲོ་གཉེར་ཅན། །​ནུབ་ཏུ་རི་ཁྲོད་ལོ་མ་ཅན། །​བྱང་དུ་རྡོ་རྗེ་ལྕགས་སྒྲོག་མ། །​རྨ་བྱའི་སྒྲོ་དང་སྤྱི་བླུགས་དང་། །​ལོ་མ་དང་ནི་ལྕགས་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh467/UT22084-083-015-1310#UT22084-083-015-1310