མཚལ་གྱིས་སོ། །​དེ་ལ་བིལ་བའི་སྙིང་པོ་བཞག །​ཧ་ཅང་ཉུང་དང་མང་བ་མིན། །​མང་ན་ནག་པོར་འགྱུར་བ་སྟེ། །​ཉུང་ན་དེ་བཞིན་འཐུལ་བར་འགྱུར། །​གཟུགས་ནི་ཁྲོ་དང་ཞི་བའོ། །​མཚན་ཉིད་དག་ནི་བཤད་པར་བྱ། །​རོལ་བ་ཞི་བར་གསུངས་པ་སྟེ། །​ཁྲོ་བོ་སྦོམ་ལ་ཐུང་བར་བཤད། །​སྣ་ནི་སོར་བཞི་བྱ་བ་སྟེ། །​དཔྲལ་བ་ཀོས་ཀོ་མཆུ་དེ་བཞིན། །​མགྲིན་པ་འགྲམ་པ་དེ་བཞིན་མཚན། །​སོར་བཞི་དག་ཏུ་བྱ་བ་ཡིན། །​ཉི་ཤུ་རྩ་བཞི་ལག་པ་ལ། །​གྱེན་དུ་སོར་ནི་ཉི་ཤུ་ཡིན། །​ལག་པ་རྐང་པ་གདོང་ཇི་ལྟར། །​མིག་ནི་མཐེ་བོང་གང་ཙམ་སྟེ། །​རྣ་བ་གཉིས་ལ་སོར་གཉིས་བསྒྲགས། །​འབྲས་བུ་གཉིས་ལ་དེ་བཞིན་བཞི། །​མཆུ་ནི་སོར་གཉིས་བསྡོམས་པའོ། །​ལྟེ་བ་སོར་གཅིག་ཟབ་པ་ཡིན། །​ལུས་ནི་མགྲིན་པ་བོར་བ་ཡི། །​གདོང་ནི་གསུམ་འགྱུར་ལུས་ལ་དགོད། །​རལ་པ་ཅོད་པན་དེ་ཡི་ཚད། །​རིན་ཆེན་ཅོད་པན་སོར་དྲུག་པའོ། །​རལ་པ་གཅིག་མ་རབ་སྒྲུབ་ཐབས། །​དེ་ནས་ཡང་དག་བཤད་བྱ་བ། །​གནོད་སྦྱིན་མོ་ནི་སྒྲུབ་འདོད་པས། །​རལ་པ་གཅིག་མ་རབ་སྒྲུབ་ཐབས། །​ཕྱག་གཉིས་པ་ལ་ཞལ་གཅིག་སྟེ། །​གྲི་གུག་དང་ནི་ཐོད་པ་ལ། །​ཤིན་ཏུ་སྦོམ་ལ་མདོག་སྔོ་བ། །​དཀྱིལ་འཁོར་དབུས་སུ་བསྒོམ་པར་བྱ། །​ཛམྦྷ་ལ་ནི་ཤར་དུ་བསྒོམ། །​བ་སུ་དྷ་ར་ལྷོ་ཕྱོགས་སུ། །​ཆུ་དབང་ནུབ་ཏུ་དགོད་པར་བྱ། །​བྱང་དུ་རྣ་ཆ་ཀོས་ཀོ་འཕྱང་། །​མེ་ལ་སོགས་པའི་མཚམས་དག་ཏུ། །​གནོད་སྦྱིན་མོ་བཞི་རབ་བསྒོམ་བྱ། །​ཀུ་ཏལ་ཀྱེ་ཧེ་ནི་གྱི་ཧྃ། །​བ་སུ་དྷ་རི་ཆོ་ག་བཞིན་དགོད། །​དེར་ནི་སྒོ་བ་རྣམ་བསྒོམས་ཏེ། །​ཐོ་བ་ལ་སོགས་མཉམ་པར་རོ། །​འཁོར་ལོ་སྔ་མ་མཐོང་བ་བཞིན། །​དེ་བཞིན་མདོག་ནི་རབ་སྦྱར་བྱ། །​ཕྱག་མཚན་བདག་ནི་ལྟར་འཛིན་པ། །​མཁས་པས་ཕྱི་ནས་སྔགས་བཟླས་ཏེ། །​ཨོཾ་ཨེ་ཀ་ཛཊཱི་བ་སུདྷཱ་རི་ཎི་སྭཱ་ཧཱ། །​པུཀྐ་སཱི་ནི་རབ་སྒྲུབ་ཐབས། །​དེ་ནས་ཡང་དག་བཤད་པར་བྱ། །​གང་ཞིག་བསྒོམས་པ་ཙམ་གྱིས་ནི། །​འཇིག་རྟེན་གསུམ་ལ་འཚེ་ནུས་པ། །​སྐུ་མདོག་སེར་པོ་ཞལ་བཞི་པ། །​ཕྱག་བཞི་བོང་བུ་ལ་བཅིབས་པ། །​པུཀྐ་སཱི་ཡི་ལུས་བསྒོམ་བྱ། །


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh467/UT22084-083-015-1309#UT22084-083-015-1309