སྒྲོག་མ། །​དེ་དག་རྣམ་པར་བསྒོམ་པར་བྱ། །​སེར་དང་དམར་དང་དེ་བཞིན་ལྗང་། །​ཁ་དོག་སྔོན་པོ་དབྱེ་བ་ཉིད། །​མཁས་པས་འདི་ལྟར་བསྒོམ་པར་བྱ། །​དེ་བཞིན་སྔགས་འདི་དག་ཀྱང་བཟླས། །​ཨོཾ་ཕུཿཛཿ། ཐོ་བ་ལ་སོགས་སྒོ་རུ་དགོད། །​མེ་ཏོག་ལ་སོགས་མཚམས་སུ་དགོད། །​ཛྃ་གུ་ལི་ཡི་སྦྱོར་བ་ཡིས། །​ཆུ་ཡི་སྟེང་ནས་རྟག་ཏུ་འགྲོ། །​ཀུ་རུ་ཀུལླེ་རབ་སྒྲུབ་ཐབས། །​དེ་ནས་ཡང་དག་བཤད་པར་བྱ། །​གང་གིས་བསྒོམས་པ་ཙམ་གྱིས་ནི། །​ཀླུ་ཡི་བུ་མོ་རབ་འགུགས་པ། །​ཁ་དོག་དམར་པོ་ཞལ་བཞི་པ། །​ཕྱག་བརྒྱད་དང་ནི་རབ་ཏུ་ལྡན། །​ཧྲཱིཿཡི་ས་བོན་ལས་བྱུང་བས། །​ཀླུ་ནི་འགུགས་པར་བྱེད་པ་ཡིན། །​ཕྱག་བརྒྱད་དུ་ནི་ཀླུ་དགོད་དེ། །​མཐའ་ཡས་ལ་སོགས་ཀླུ་རིགས་བརྒྱད། །​ལུས་ནི་སྦྲུལ་གྱིས་རབ་ཏུ་བརྒྱན། །​བརྟུལ་ཞུགས་ཅན་གྱིས་མཛེས་མ་བསྒོམ། །​སྔགས་ནི་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཕུཿསྭཱ་ཧཱ། དེ་ནས་གསང་བ་བཤད་པར་བྱ། །​བསྡུས་ནས་ཡིན་གྱི་རྒྱས་པ་མིན། །​གང་ཞིག་ཤེས་པ་ཙམ་གྱིས་ནི། །​ལྷ་ཡི་བུ་མོ་འགུགས་བྱེད་པ། །​ཕྱག་གཉིས་པ་ལ་ཞལ་གཅིག་སྟེ། །​ཕྱག་ན་མདའ་དང་གཞུ་བསྣམས་པ། །​ལུས་ནི་སེར་པོ་ཆེན་པོ་ཡི། །རྡོ་རྗེ་ལུས་མེད་བསྒོམ་པར་བྱ། །​ཤར་དུ་དགའ་མ་བསྒོམ་པར་བྱ། །​ལྷོ་རུ་འདོད་པས་མཛེས་མ་བསྒོམ། །​ནུབ་ཏུ་འདོད་པའི་ལྷ་མོ་བསྒོམ། །​བྱང་དུ་འདོད་པའི་ལྕགས་ཀྱུའོ། །​འདོད་པའི་ལྷ་མོ་ཐམས་ཅད་ཀྱི། །​ཕྱག་ཏུ་མདའ་དང་གཞུ་བསྒོམ་བྱ། །​སེར་དང་དམར་དང་དེ་བཞིན་ལྗང་། །​དམར་སྐྱ་དག་ནི་བསྒོམ་པར་བྱ། །​མཚམས་རྣམས་སུ་ནི་རྟག་དགོད་པ། །​མི་འགག་དེ་བཞིན་མཚམས་ཀྱི་བདག །​གཡི་དང་སྤྲེའུའི་རྒྱལ་མཚན་ནི། །​སྒོ་ཡི་ཕྱོགས་ཀྱི་བཤད་པར་བྱ། །​འདོད་པ་འགྱིང་དང་འགྱིང་བག་ཅན། །​དྲན་དང་དེ་བཞིན་མདའ་གྲི་ཅན། །​ལྷ་རྣམས་དེ་དག་ཐམས་ཅད་ཀྱི། །​དབུ་ལ་གཤིན་རྗེའི་གཤེད་པོ་བསྒོམ། །​བུད་མེད་ཀྱི་ནི་པདྨ་རུ། །​རྡོ་རྗེ་ལུས་མེད་བསྒོམ་པར་བྱ། །​ཡི་གེ་ཧྲཱིཿལས་ཡང་དག་བྱུང་། །​ཀུན་ཏུ་འཁོར་བར་རྣམ་པར་འཕྲོ། །​བསླུས་ཤིང་གཡེངས་པ་བསྒོམ་པར་བྱ། །​མྱོས་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh467/UT22084-083-015-1311#UT22084-083-015-1311