མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །​གང་གིས་མི་ཤེས་དབང་གིས་བྱས་པ་དག །​དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །​མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །​ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །​རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །​བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །​འཇིག་རྟེན་གསུམ་པོ་ཀུན་ལའང་མཆོད་པར་འགྱུར། །​བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །​སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །​བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །​བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་འདུལ། །​གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །​འཆང་བ་དང་ནི་སྟོན་ཏམ་ཀློག་པ་ཡི། །​དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །​བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །​འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། །​ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །​དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང་། །​དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །​དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །​བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །​བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །​བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །​བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །​སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །​མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །​བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །​དེས་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །​ཐམས་ཅད་མ་ལུས་མངོན་སུམ་འགྱུར་བར་ཤོག །​དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །​འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །​རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །​སྣང་བ་མཐའ་ཡས་རྒྱལ་ལས་མངོན་སུམ་དུ། །​ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །​དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །​སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །​བློ་ཡི་སྟོབས་ཀྱིས་ཕྱོགས་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh1095/UT22084-101-151-186#UT22084-101-151-186