ལྷ་ཆེན་རྒྱལ་པོ་བློ་གྲོས་ཅན་ཡིན་ཏེ། །​འཇིགས་པ་མེད་པའི་གཟི་བརྗིད་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​བསམ་གཏན་རྣམ་པར་ཐར་ལ་འཇིགས་མེད་པ། །​བྱེ་བ་ཕྲག་ནི་དྲུག་ཅུ་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དག་ནི་བདུན་ཁྲི་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་དྲུག་པ་རིན་པོ་ཆེ་ཡིས་སྤྲས། །​དེ་བཞིན་གཤེགས་པ་གཟི་བརྗིད་ཕུང་པོ་ཡི། །​སྐྱེ་བའི་ཡུལ་ནི་གཟི་བརྗིད་སྡུག་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་དྲུག་ཏིལ་མར་དབང་པོ་ཡབ། །​ལྷ་ཆེན་བློ་གྲོས་རྒྱལ་ཡུམ་སྲས་པོ་ནི། །​ཡེ་ཤེས་དགའ་ཡིན་སྣང་བ་རིམ་གྲོ་པ། །​སྣང་བ་མཐའ་ཡས་བློ་གྲོས་ཅན་ཡིན་ཏེ། །​བདག་ཉིད་ཆེན་པོའི་སྒྲོན་མ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​འཇིག་རྟེན་ཆོས་ཀྱིས་ཉེ་བར་མ་གོས་པ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​འགྲོ་བ་ཀུན་གྱིས་མཆོད་ཅིང་བཀུར་བར་འགྱུར། །​བདེ་བར་གཤེགས་པ་བྱང་ཆུབ་རྒྱལ་པོ་ཡི། །​སྐྱེ་ཡུལ་ཡེ་ཤེས་རྟོགས་པར་བྱེད་ཅེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་དྲུག་ཅུ་ཡབ་ནི་བློ་བཟངས་ཡིན། །​རྟོགས་བྱེད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རྟོགས་ལྡན་རྟོགས་ཆེན་རིམ་གྲོ་པ། །​རྟོགས་སྦྱིན་ཞེས་ནི་བྱ་བ་མཁས་པ་སྟེ། །​རྟོགས་པ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང་། །​ཐར་དང་ལམ་མ་འཁྲུལ་ལ་དགའ་བ་པོ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །​འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་དགུ་པ་རིན་ཆེན་རྒྱལ་མཚན་བརྒྱན། །​སེམས་ཅན་སྙིང་པོ་མི་ཟད་སྐྱེ་བའི་ཡུལ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14269#UT22084-045-001-14269