འོད་ཟེར་དག་ནི་མི་ཟད་པ་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​བདུན་ཅུ་རྩ་གཅིག་མི་ཟད་སྲས་པོ་ཡབ། །​རྒྱ་མཚོའི་སྒྲ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གྲགས་ལྡན་ལེགས་དག་རིམ་གྲོ་པ། །​བློ་གྲོས་མི་ཟད་པ་ནི་མཁས་པ་སྟེ། །​བློ་རབ་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང་། །​འཇིག་རྟེན་དྲི་མ་དྲི་མེད་ཡིད་ལྡན་པ། །​ཐེར་འབུམ་ཕྲག་ནི་དགུ་དགུ་འབྱུང་བར་འགྱུར། །​མི་ཚེ་ལོ་གྲངས་དགུ་ཁྲི་སུམ་སྟོང་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་འབུམ་ཕྲག་སྙེད་ཀྱི་འཁོར་དང་ལྡན། །​རྒྱལ་བ་མངོན་པར་རྟོགས་པའི་སྤྱན་དག་གི། །​སྐྱེ་བའི་ཡུལ་ནི་ཡེ་ཤེས་གནས་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་གསུམ་ཡོད་ཡབ་ནི་མིག་བཟངས་ཡིན། །​མིག་སྡུག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་མིག་ལེགས་བྱམས་པ་རིམ་གྲོ་པ། །​བདུད་རྩིའི་མིག་ཅེས་བྱ་བ་བློ་ཅན་ཏེ། །​མིག་སྦྱངས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་གཉིས་ཀུན་ལའང་། །​དྲི་གསུམ་དྲི་མ་ཤིན་ཏུ་དྲི་མེད་པ། །​དེ་དག་བྱེ་བརྒྱ་དྲུག་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​ལྷ་མི་དག་གིས་མཆོད་པ་བྱས་པར་འགྱུར། །​དེ་བཞིན་གཤེགས་པ་ཡན་ལག་རྒྱས་པ་ཡི། །​སྐྱེ་བའི་ཡུལ་ནི་རྣམ་པར་དག་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་ཉི་ཤུ་ཡབ་ནི་ལེགས་མཆོག་ཡིན། །​ཡན་ལག་མཆོག་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བླ་མ་འཕགས་པ་རིམ་གྲོ་པ། །འཇིག་རྟེན་འདས་ཞེས་བྱ་བ་མཁས་པ་སྟེ། །​འགྲོ་བ་ཀུན་གྱི་བླ་མ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​དགྲ་བཅོམ་ཚོགས་ཀུན་དག་ནི་རྒྱས་འགྱུར་ཏེ། །​ཁྲི་ཕྲག་དག་ནི་དྲུག་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་ཆིག་སྟོང་ཡིན། །​འགྲོ་ལ་ཕན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14270#UT22084-045-001-14270