ཡོད། །​མི་ཚེ་ལོ་གྲངས་དྲུག་ཁྲི་བཞི་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བཞི་པ་རྒྱལ་མཚན་དག་གིས་བསྐོར། །​དེ་བཞིན་གཤེགས་པ་གཟུགས་མཆོག་སྐྱེ་བ་ཡི། །​ཡུལ་ནི་ལེགས་པར་བསམ་པ་སེམས་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཡབ་ནི་གཟུགས་བཟང་ཡིན། །​གཟུགས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་སྡུ་གུ་མཛེས་པ་རིམ་གྲོ་པ། །​ཡོན་ཏན་གཟུགས་ལྡན་པ་ནི་མཁས་པ་སྟེ། །​གཟུགས་ལ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​ལས་དང་ཉོན་མོངས་སྲིད་དང་བྲལ་བ་པོ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་དག་ནི་བདུན་ཁྲི་ཡིན། །​འཇིག་རྟེན་མཁྱེན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར། །​འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །​འཇིག་རྟེན་གསུམ་ཀུན་སྐུ་གདུང་རྒྱས་པར་འགྱུར། །​མི་ཡི་འདྲེན་པ་སྐར་མཁན་སྐྱེ་བ་ཡི། །​ཡུལ་ནི་གཟི་བརྗིད་འོད་དང་ལྡན་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་གཉིས་ཡབ་ནི་ལེགས་སྣང་ཡིན། །​གསལ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​གླང་པོ་སྲས་ཡིན་གྲགས་པ་རིམ་གྲོ་པ། །​ཆོ་ག་བཟང་ཞེས་སྣང་ནི་བློ་ཅན་ཏེ། །​སྐར་མཁན་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​ཉོན་མོངས་རྒྱགས་པ་ཐམས་ཅད་ཞི་གྱུར་པ། །​བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །​ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ཀུན་ཀྱང་པད་མ་བླ་རེས་མཛེས་པར་བྱས། །​དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་མ་ཡི། །​སྐྱེ་བའི་ཡུལ་ནི་ཉི་མའི་སྒྲོན་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་དཔག་ཚད། །​དྲུག་ཅུ་རྩ་གསུམ་ཡབ་ནི་ཏོག་བཟངས་ཡིན། །​འོད་རྒྱལ་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གཟི་བཟང་དགའ་བ་རིམ་གྲོ་པ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14268#UT22084-045-001-14268