འཇིག་རྟེན་མ་ཆགས་རྣམ་གྲོལ་ཐོབ་པ་པོ། །​འཁྲུལ་མེད་སྐྱུགས་པ་བོར་བ་ཤ་སྟག་གོ། །​མི་ཚེ་ལོ་གྲངས་དག་ནི་སུམ་སྟོང་ཡིན། །​རབ་ཏུ་ཞི་བར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་སུམ་སྟོང་ཚང་བའི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་གསུམ་པ་ནོར་བུའི་དྲ་བས་སྤྲས། །​དེ་བཞིན་གཤེགས་པ་སྒྲ་གཅན་སྦེད་པ་ཡི། །​སྐྱེ་བའི་ཡུལ་ནི་དགེ་བས་བརྒྱན་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་གཉིས་ཡོད་ཡབ་ནི་མཐུ་ལྡན་ཡིན། །​གྲགས་པའི་བླ་མ་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་ལྷ་དགའ་ཆོས་ལྡན་རིམ་གྲོ་པ། །​གསེར་ལྟ་བུ་ཞེས་བྱ་བ་མཁས་པ་སྟེ། །​འཇིག་རྟེན་འོད་བྱེད་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་དང་། །​གཞན་ཡང་ཉི་ཤུ་རིམས་ནད་མེད་པ་པོ། །​བྱེ་བ་འབུམ་ཕྲག་ཚང་བ་ཤ་སྟག་གོ། །​མི་ཚེ་ལོ་གྲངས་བདུན་ཁྲི་དྲུག་སྟོང་ཡིན། །​ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སྟོང་ཕྲག་བཅུར་ནི་ཚང་བར་གནས། །​སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་པོའི་གྲངས། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་ཀྱང་ཡིན། །​དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་ཡི། །​སྐྱེ་བའི་ཡུལ་ནི་བྱང་ཆུབ་འོད་ཅེས་བྱ། །​རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་སུམ་ཅུ་ཡབ་ནི་པད་མ་བཟང་། །​པད་མ་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་པད་མ་པད་བཟངས་རིམ་གྲོ་པ། །​ཡོན་ཏན་སྤོས་འོད་དེ་ནི་མཁས་པ་སྟེ། །​ཀུན་ཏུ་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱ་སྟེ་ཀུན་ལ་ཡང་། །​རྩྭ་ཤིང་མེད་པར་མཚུངས་པའི་སེམས་ཐོབ་པ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བརྒྱད་སྟོང་ཡིན། །​ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​སྐུ་གདུང་རྒྱས་འགྱུར་མཆོད་རྟེན་དག་གི་གྲངས། །​སྟོང་ཕྲག་བརྒྱད་ཅུ་དག་ནི་ཚང་བར་འགྱུར། །​དེ་བཞིན་གཤེགས་པ་འོད་ཟེར་ལྡན་པ་ཡི། །​སྐྱེ་བའི་ཡུལ་ནི་འཁྲུལ་པ་མེད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་དཔག་ཚད། །​ཉི་ཤུ་གཉིས་ཡོད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14193#UT22084-045-001-14193