ཡབ་ནི་དགེ་བཟང་ཡིན། །​རིན་ཆེན་མཆོག་ཡུམ་སྲས་པོ་ཡན་ལག་གཡོ། །​ཡན་ལག་སྡུག་ལྡན་པ་ནི་རིམ་གྲོ་པ། །​རབ་ཏུ་བརྒྱན་པའི་དབྱངས་ནི་བློ་ལྡན་ཏེ། །​འཇིགས་པ་མེད་པའི་བློ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅྭ་བརྒྱད་ཀུན་ལ་ཡང་། །​བསྒོམས་རྒྱུས་ཉོན་མོངས་ཐལ་བར་རླག་པ་པོ། །​བྱེ་བ་ཕྲག་ནི་སུམ་ཁྲི་སུམ་ཁྲི་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །​དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །​ཉི་ཤུ་རྩ་གཉིས་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​འཕང་དུ་དཔག་ཚད་གཅིག་པ་གདུགས་ཀྱིས་བརྒྱན། །​སངས་རྒྱས་རབ་ཏུ་ཞི་བའི་སྟབས་དག་གི། །​སྐྱེ་བའི་ཡུལ་ནི་མཛེས་པར་མཆོད་ཅེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་དཔག་ཚད། །​སུམ་ཅུ་གཉིས་ཡོད་ཡབ་ནི་ཚངས་བཟངས་ཡིན། །​མཁས་བློ་མ་ཞེས་བྱ་བ་ཡུམ་ཡིན་ནོ། །​སྲས་པོ་སྐར་མཁན་སྐར་བཟངས་རིམ་གྲོ་པ། །​སྐྱེས་པ་བུད་མེད་དགའ་བ་མཁས་པ་སྟེ། །​འཇིག་རྟེན་དད་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​འཇིག་རྟེན་དག་གི་མཐར་ནི་ཕྱིན་པ་པོ། །​དགྲ་བཅོམ་དགེ་འདུན་བྱེ་བ་བཅུ་བཅུ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །​དེ་ཡི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །​ཉི་ཤུ་རྩ་གཉིས་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་དག་གི་གྲངས་ཀྱང་བྱེ་བ་འབྱུང་། །​བདེ་བར་གཤེགས་པ་འཇིག་རྟེན་བཟང་པོ་ཡི། །​སྐྱེ་བའི་ཡུལ་ནི་དགའ་བ་འབྱུང་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་གསུམ་ཡོད་ཡབ་ནི་སྨན་པ་བཟང་། །​མང་པོས་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཟླ་ཉི་རྩི་སྨན་རིམ་གྲོ་པ། །​ཡེ་ཤེས་མཆོག་ཅེས་བྱ་བ་མཁས་པ་སྟེ། །​གཏི་མུག་མེད་པར་གནས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་རྩ་གཉིས་ཏེ། །​རེ་རེ་ཀུན་ལའང་དགྲ་དག་བཅོམ་པའི་ཚོགས། །​ཐེར་འབུམ་ཕྲག་ནི་ལྔ་ལྔ་འབྱུང་བར་འགྱུར། །​མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །​འགྲོ་བའི་དོན་དུ་དམ་པའི་ཆོས་དག་ཀྱང་། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14194#UT22084-045-001-14194