རིན་ཆེན་རང་བཞིན་ལན་ཀན་དག་གིས་བརྒྱན། །​དེ་བཞིན་གཤེགས་པ་གླང་ཆེན་སེང་གེ་ཡི། །​སྐྱེ་བའི་ཡུལ་ནི་མདངས་སྡུག་པ་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དགུ་ཡོད་མཆོད་སྦྱིན་བཟང་པོ་ཡབ། །​འགྲོ་དགའ་རྒྱལ་བའི་ཡུམ་ཡིན་སྲས་པོ་ནི། །​མེ་ཏོག་མེ་ཏོག་བཟང་པོ་རིམ་གྲོ་པ། །​མཆོད་པར་འོས་ཞེས་བྱ་བ་མཁས་པ་སྟེ། །​ལྷ་ཡིས་ཕྱག་བྱས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ཤིན་ཏུ་ངེས་པའི་ཤེས་རབ་ལྡན་པ་པོ། །​དགྲ་བཅོམ་སེམས་སྦྱངས་བྱེ་བ་སྟོང་སྟོང་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །​དམ་པའི་ཆོས་ནི་ལོ་གྲངས་བྱེ་བ་ཕྲག །​ལྔ་དག་ཚང་བའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་རྒྱས་འགྱུར་མཆོད་རྟེན་གྲངས། །​ཐེར་འབུམ་ཕྲག་གཅིག་ཆིག་འབུམ་ལྔ་སྟོང་ཡོད། །​དེ་བཞིན་གཤེགས་པ་ཟླ་བ་སྐྱེ་བ་ཡི། །​ཡུལ་ནི་སྙིང་པོ་རྟག་ཏུ་བརྟན་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་གཅིག་ཡོད་སཱ་ལའི་དབང་པོ་ཡབ། །​ཡོན་ཏན་སྨྲ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཆོས་སྦྱིན་ཆོས་བཟངས་རིམ་གྲོ་པ། །​རབ་ཏུ་ཞི་དགའ་ཞེས་བྱ་མཁས་པ་སྟེ། །འཇིག་རྟེན་མི་གནས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །​ཤེས་རབ་ལེགས་བསྒོམས་ཕ་རོལ་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །​འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །​འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །​མཆོད་རྟེན་གྲངས་ནི་ཐེར་འབུམ་ཕྲག་གཉིས་འབྱུང་། །​དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་གྱི། །​སྐྱེ་བའི་ཡུལ་ནི་ཤེས་རབ་སྣང་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​བདུན་ཅུ་གསུམ་ཡོད་ཡབ་ནི་ཆུ་དབང་པོ། །​དགེ་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རིག་དགའ་ལྷ་ནི་རིམ་གྲོ་པ། །​བློ་གྲོས་མིག་ལྡན་པ་ནི་མཁས་པ་སྟེ། །​ཡིད་སྦྱངས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14192#UT22084-045-001-14192