རིན་ཆེན་རིན་ཆེན་བཟང་པོ་རིམ་གྲོ་པ། །​བརྟུལ་ཞུགས་ཆེན་པོ་ཞེས་བྱ་མཁས་པ་སྟེ། །​སྐྱེས་མཆོག་དམ་པ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་དང་། །​གཞན་ཡང་ལྷག་པ་ཉི་ཤུ་གཉིས་ཀུན་ལའང་། །​བྱེ་བ་སྟོང་ཕྲག་བཅྭ་བརྒྱད་བཅྭ་བརྒྱད་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །​མཆོད་པའི་གནས་ཀྱི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སྟོང་དུ་གནས་ཤིང་སྐུ་གདུང་རྒྱས། །​མཆོད་རྟེན་གྲངས་ནི་བརྒྱད་ཁྲི་ཉིས་སྟོང་སྟེ། །​རིན་ཆེན་སྤྲས་ཤིང་འགྲོ་བ་དག་གིས་བརྒྱན། །​དེ་བཞིན་གཤེགས་པ་ནོར་བུའི་ཚོགས་སྐྱེ་བའི། །​ཡུལ་ནི་གཟི་བྱིན་ཀུན་ལས་འཕགས་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བདུན་ཅུ་དྲང་སྲོང་དབང་པོ་ཡབ། །​ལྷ་དགའ་ཞེས་ནི་བྱ་བ་ཡུམ་ཡིན་ནོ། །​སྲས་པོ་ལྷ་ཡིན་ལྷ་བཟང་རིམ་གྲོ་པ། །​མི་ཡི་དབང་ཕྱུག་ཅེས་བྱ་མཁས་པ་སྟེ། །​ཆགས་མེད་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་རྩ་དྲུག་སྟེ། །​ཀུན་ལའང་སོ་སོ་ཡང་དག་རིག་ཅེས་པའི། །​ཕ་རོལ་ཕྱིན་པ་ཐེར་འབུམ་ཐེར་འབུམ་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །​དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །བཞི་བཅུར་ཚང་བའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་མཆོད་རྟེན་བྱེ་བ་ཕྲག་བཅུ་སྟེ། །​གསེར་གྱི་པད་མ་དག་གིས་འཁོར་བར་བསྐོར། །​དེ་བཞིན་གཤེགས་པ་འཇིག་རྟེན་བླ་མ་ཡི། །​སྐྱེ་ཡུལ་བསོད་ནམས་ཡང་དག་འཕགས་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​བྱེ་བ་བརྒྱད་ཅུ་ཡབ་ནི་དཔལ་ལྡན་ཡིན། །​ཕྱོགས་ལྷ་ཞེས་ནི་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་པད་མ་བློ་བཟངས་རིམ་གྲོ་པ། །​ཀུན་ཏུ་དགའ་ཞེས་བྱ་བ་མཁས་པ་སྟེ། །​ཡེ་ཤེས་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱ་ནི་དྲུག་ཅུ་སྟེ། །​ཀུན་ལའང་ལྷག་མེད་མྱ་ངན་འདས་ཕྱིན་པ། །​དགྲ་བཅོམ་བྱེ་བ་བརྒྱ་ཕྲག་བཅུ་བཅུ་ཡོད། །​མི་ཚེ་ལོ་གྲངས་བརྒྱད་ཁྲི་ཉིས་སྟོང་ཡིན། །​འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་ཉིས་སྟོང་བར་དུ་གནས་པར་འགྱུར། །​མཆོད་རྟེན་དགུ་བཅུ་རྩ་བཞིར་ཚང་བ་སྟེ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14191#UT22084-045-001-14191