སྡུག་དགའ་ཞེས་བྱ་ཡུམ་ཡིན་སྲས་པོ་ནི། །​ཚེར་མ་མེད་པ་དགའ་བ་རིམ་གྲོ་པ། །​སྐྱེ་བོས་མཆོད་ཅེས་བྱ་བ་མཁས་པ་སྟེ། །​རྒོལ་བ་འཇོམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཞི་བརྒྱ་བརྒྱད་ཅུ་སྟེ། །​ཀུན་ལའང་འདམ་རྫབ་དྲ་བ་མུན་སྤངས་པ། །​རྡུལ་བྲལ་སྲིད་ལས་གྲོལ་བ་ཤ་སྟག་འདུས། །​མི་ཚེ་ལོ་གྲངས་དག་ནི་བརྒྱ་ཡང་ཡིན། །​མགོན་པོ་མཆོག་མ་མྱ་ངན་འདས་ནས་ཀྱང་། །​དམ་པའི་ཆོས་ནི་ལོ་གྲངས་བརྒྱད་ཅུར་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བཟང་པོ་དྲུག་ཁྲི་དྲུག་སྟོང་འབྱུང་། །​འཇིག་རྟེན་མཁྱེན་པ་ལེགས་པར་སྐྱེས་པ་ཡི། །​སྐྱེས་པའི་ཡུལ་ནི་དེས་པ་ཞེས་ཀྱང་བྱ། །​རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​བྱེ་བ་བདུན་ཅུ་ཡབ་ནི་བདག་ཉིད་ཆེ། །​འོད་སྐྱོང་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གློག་འོད་དྲག་ཤུལ་རིམ་གྲོ་པ། །​ཡོན་ཏན་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །​སྐྱོན་སེལ་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​གནས་མེད་ཕ་རོལ་ཕྱིན་པ་ཐམས་ཅད་པོ། །​བྱེ་བ་ཕྲག་ནི་སུམ་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དག་ནི་ཉིས་སྟོང་ཡིན། །རྒལ་བར་གྱུར་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སུམ་ཁྲི་དྲུག་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བཟང་པོ་བྱེ་བ་བརྒྱ་ཕྲག་གསུམ། །​སངས་རྒྱས་ཐུབ་པ་མེད་པའི་ཚོགས་དག་གི། །​སྐྱེ་བའི་ཡུལ་ནི་མཚན་གྱིས་བརྒྱན་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་དོན་ཡོད་ཡིན། །​གྲགས་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །​སྲས་པོ་ཟླ་བཟངས་བདེན་པ་རིམ་གྲོ་པ། །​སྟོབས་ཀྱིས་འགྲོ་ཞེས་བྱ་བ་མཁས་པ་སྟེ། །​རྣམ་པར་འཕྲུལ་པའི་གཟི་བརྗིད་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཞི་ཁྲི་ཀུན་ལ་ཡང་། །​སྲིད་པའི་འཆིང་ལས་གྲོལ་བ་ཐམས་ཅད་པོ། །​དྲང་སྲོང་ཆེ་སྲས་བྱེ་བ་བྱེ་བ་ཡོད། །​མི་རྣམས་ཚེ་ཚད་ལོ་གྲངས་བཞི་ཁྲི་ཡིན། །​འཇིག་རྟེན་བླ་མ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །​སྐུ་གདུང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14181#UT22084-045-001-14181