དེ་ནི་ཤེས་རབ་སྟེ། འདི་དག་ནི་བག་ཡོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྫི་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལེན་པ་མང་པོ་རྣམས་ལ་ཐོགས་པ་མེད་པའི་སེམས་ཀྱིས་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​གཡོ་མེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​བསྒོམས་པ་ལས་ངེས་པར་བྱུང་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​ཆོས་མཉམ་པ་ཉིད་ལ་གནས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​ཕྱིར་མི་ལྡོག་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །ཆོས་ཐམས་ཅད་རྣམ་པར་འཇོག་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་རྫི་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡི་དགས་ཀྱི་འཇིག་རྟེན་ལ་དམིགས་ཤིང་གང་སེམས་ཅན་སྡུག་བསྔལ་བ་མཐོང་ན་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​དུད་འགྲོའི་གནས་སུ་ཕྱིན་ནས་སེམས་ཅན་སྡུག་བསྔལ་བ་མཐོང་ན་ཡིད་བྱུང་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​དམིགས་པ་མེད་པའི་ཐོས་པ་དང་། རེག་པར་དཀའ་བ་མཐོང་ན་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​ལོག་པ་སྤོང་བའི་རབ་ཏུ་དབྱེ་བ་ལ་ཡིད་བྱུང་བའི་བརྩོན་འགྲུས་ནི་དཔེར་ན་ཀུན་ལས་བུད་མེད་སྤངས་པ་ལྟ་བུ་གང་ཡིན་པའོ། །​ཐར་པ་ལ་དམིགས་པའི་བསམ་གཏན་ནི་དཔེར་ན་ཤིང་འཛམ་བུའི་གྲིབ་མ་ལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​འཁོར་བའི་སྐྱོན་རབ་ཏུ་ཞི་བར་བྱེད་པའི་ཤེས་རབ་ནི་དཔེར་ན་རྒྱལ་པོ་རབ་ཏུ་འབྱུང་བའི་ཕྱིར་ཁྱིམ་ནས་བྱུང་བ་དང་། དཔེར་ན་སྤུ་ཟིང་ཞེས་བྱེད་པའི་ཤེས་རབ་ཡོངས་སུ་དཀར་བའི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་དབང་ཆེ་བར་གྲགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྙིང་རྗེ་མེད་པ་མ་ཡིན་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​ལྷག་པའི་ང་རྒྱལ་མེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​མ་ཞུམ་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​བླ་མ་ལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-13969#UT22084-045-001-13969