བསྙེན་བཀུར་བྱས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་བསམ་གཏན་ནི་དཔེར་ན་རྒྱལ་པོའི་བུ་མེ་ཏོག་ལྟ་བུའི་གང་ཡིན་པའོ། །​རབ་ཏུ་བྱུང་བ་གང་གི་ཡན་ལག་དང་ཉིང་ལག་གཏུབས་ཀྱང་ནམ་ཡང་ཉམས་པར་མ་གྱུར་པའི་ཤེས་རབ་དོན་དམ་པ་དང་ལྡན་པ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་དབང་ཆེ་བར་གྲགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སྐུལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གང་ལེན་དུ་འཇུག་ཅིང་སྤྲོས་པ་དང་བཅས་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །ཕན་པའི་དངོས་པོ་དང་ལྡན་ཞིང་ལེགས་པར་སྦྱིན་པ་སྐུལ་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​དུལ་བའི་གནས་སུ་གདམས་ངག་རྗེས་སུ་སྟོན་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​ཆོས་མཉན་པ་དང་བསྒྲགས་པ་ལ་བརྩོན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​སེམས་ཅན་ཡང་དག་པར་ལེན་དུ་འཇུག་པའི་བསམ་གཏན་ནི་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མིག་བཟངས་ཀྱི་ལྟ་བུ་གང་ཡིན་པའོ། །​ཐེ་ཙོམ་ཅན་གྱི་ཐེ་ཙོམ་གཅོད་ཅིང་དོར་བར་འདོད་པ་རྣམས་ལ་ཆོས་བསྟན་པའི་ཕྱིར་རྗེས་སུ་བསྲུང་ལ་རབ་ཏུ་འཇོག་པ་བཏང་སྙོམས་ཅན་གྱི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་སྐུལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བརྗེད་ངས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཁ་ཏོན་དང་ལྡན་པ་རྣམས་ལ་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​དཀོན་མཆོག་གསུམ་ལ་མི་ཕྱེད་པ་ཐོབ་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​ཐོས་པའི་ཕྱིར་བཟོད་ཅིང་ལུས་ཀྱི་སྡུག་བསྔལ་བཟོད་པ་ནི་དཔེར་ན་བགོ་བ་དེས་པའི་ཡན་ལག་བཅད་པ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའོ། །​མན་ངག་དང་ཁ་ཏོན་བྱ་བའི་བརྩོན་འགྲུས་གཞན་ལ་རྗེས་སུ་བསྲུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​བསམ་གཏན་པས་དུས་སུ་ཡང་དག་པར་ལེན་དུ་འཇུག་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​རྙེད་པ་དང་། བཀུར་སྟི་ལ་མི་རྟོག་པའི་སྤྱོད་ལམ་ལ་གནས་ནས་ཆོས་སྦྱིན་པའི་ཤེས་རབ་གང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-13970#UT22084-045-001-13970