ནི་བརྩོན་འགྲུས་སོ། །​ལྷའི་མིག་གི་ཕྱིར་ཡོངས་སུ་སྦྱང་བ་བྱས་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​སྒྲ་དང་བརྡ་རབ་ཏུ་རྟོགས་པར་བྱེད་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་ཕྱོགས་རྣམ་པར་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཡོངས་སུ་ཤེས་པ་སྒྲོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པའི་རྣམ་པར་སྨིན་པ་སེམས་ཅན་རྣམས་ལ་ཡོངས་སུ་བསྔོས་ཤིང་། གཞན་ལ་ཕན་པའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​བག་ཆགས་ཀྱི་མཚམས་སྦྱོར་བ་དང་བྲལ་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​སྙིང་རྗེ་མེད་པ་མ་ཡིན་པ་ལས་ངེས་པར་བྱུང་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​ཟིལ་གྱིས་ནོན་པ་མེད་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​ཚད་མེད་པས་ཡོངས་སུ་བཟུང་བའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​ངེས་པར་འབྱེད་པའི་ཆ་དང་འཐུན་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་ཡོངས་སུ་ཤེས་པ་སྒྲོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བག་ཡོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྦྱིན་པ་ནི་དཔེར་ན་བློན་པོ་ས་གའི་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའོ། །​གནད་བཅད་པ་ལ་གནས་ཀྱང་ལས་ལ་རྟོན་པའི་ཚུལ་ཁྲིམས་ནི་དཔེར་ན་རྔོན་པ་དཔའ་རྟོགས་ཀྱིས་སེང་གེའི་གནད་དུ་བསྣུན་པ་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​ལེགས་པར་གསུངས་པའི་དོན་དུ་མེའི་ཕུང་པོར་མཆོང་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​འདུས་བྱས་ལ་འབར་བར་མཐོང་ཞིང་མྱ་ངན་ལས་འདས་པའི་བསམ་པ་ཅན་གྱི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​རྒྱལ་སྲིད་ཐམས་ཅད་སྤངས་ཏེ་གཅིག་པུར་རི་ལ་ཉོན་མོངས་པ་ཅན་མ་ཡིན་པར་གནས་ཤིང་གྲགས་པ་དང་འཁོར་མང་པོར་ལྡན་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​རོ་མྱང་བ་མེད་པའི་ཤེས་རབ་གང་ཡིན་པ་དེ་ནི་དཔེར་ན་རྒྱལ་པོའི་བུ་མཉམ་སེམས་ཀྱིས་རྒྱལ་སྲིད་བཏང་ནས་ཁ་ན་མ་ཐོ་བ་མེད་པའི་ལས་ཇི་སྙེད་པ་དག་གང་ཡིན་སྙམ་ནས་དྲི་མ་དང་བྲལ་བར་གྱུར་པ་གང་ཡིན་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-13968#UT22084-045-001-13968