ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་འཁོར་མི་ཕྱེད་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཕྲ་མའི་ཚིག་སྤངས་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​བྱམས་པ་ལ་དམིགས་པའི་ཐོགས་པ་མེད་པའི་སེམས་ཀྱི་ཚུལ་ཁྲིམས་ཀྱི་གོ་བགོས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​སེམས་མཉམ་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཟང་ཟིང་མེད་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​གཟུངས་རབ་ཏུ་ཐོབ་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​རྣམ་པར་གྲོལ་བས་ཡོངས་སུ་བཟུང་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་འཁོར་མི་ཕྱེད་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྣམ་པར་སྨིན་པ་ཡོངས་སུ་དག་པ་བསྐྱེད་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ནད་པ་མགོན་མེད་པ་རྣམས་ལ་གསོས་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ཡོངས་སུ་སྐྱོབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​བླ་མས་སྤྱོས་པ་བཟོད་ཅིང་མི་ཁྲོ་བ་གང་ཡིན་པ་དེ་ནི་བཟོད་པའོ། །​མངལ་ན་ཀུན་ཏུ་རྨོངས་པ་གསོ་བར་བྱེད་པ་དང་། བསྟན་པ་ལས་མངོན་པར་འཕགས་པ་རྣམས་ལ་སྟོན་པ་དང་། དགེ་སློང་མ་རྣམས་ལ་རྗེས་སུ་བསྲུང་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​གཞན་ལ་ཕན་པའི་ཕྱིར་མ་ལ་བསྙེན་བཀུར་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​སྐྱེ་བོ་མང་པོའི་འགྱོད་པ་སེལ་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་རྣམ་པར་སྨིན་པ་ཡོངས་སུ་དག་པ་བསྐྱེད་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཕྱོགས་རྣམ་པར་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཐོགས་པ་མེད་པར་མིག་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​སྒྲིབ་པ་མེད་པའི་སེམས་ཀྱི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​བསམ་པ་ངེས་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​སྐྱོ་བ་མེད་པའི་མངོན་པར་ཤེས་པ་མ་བསྒྲུབས་པ་སྒྲུབ་པ་གང་ཡིན་པ་དེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-13967#UT22084-045-001-13967