ལྟ་བ་མ་ཡིན། མཚན་མར་མ་ཡིན། མཚན་མ་མྱེད་པར་མ་ཡིན། བླང་བར་མ་ཡིན། དོར་བར་མ་ཡིན། དབྲི་བར་མ་ཡིན། བསྣན་པར་མ་ཡིན། ཀུན་ནས་ཉོན་མོངས་པར་མ་ཡིན། རྣམ་པར་བྱང་བར་མ་ཡིན། སྐྱེ་བར་མ་ཡིན། འགག་པར་མ་ཡིན། གཟུང་བར་མ་ཡིན། མྱི་གཟུང་བར་མ་ཡིན། ལེན་པར་མ་ཡིན། འདོར་བར་མ་ཡིན། གནས་པར་མ་ཡིན། མྱི་གནས་པར་མ་ཡིན། ཡང་དག་པར་མ་ཡིན། ལོག་པར་མ་ཡིན། ལྡན་པར་མ་ཡིན། མྱི་ལྡན་པར་མ་ཡིན། འདྲེ་བར་མ་ཡིན། མྱི་འདྲེ་བར་མ་ཡིན། རྐྱེན་དུ་མ་ཡིན། རྐྱེན་མྱེད་པར་མ་ཡིན། ཆོས་སུ་མ་ཡིན། ཆོས་མ་ཡིན་པར་མ་ཡིན། དེ་བཞིན་ཉིད་དུ་མ་ཡིན། དེ་བཞིན་ཉིད་མ་ཡིན་པར་མ་ཡིན། ཡང་དག་པའི་མཐར་མ་ཡིན། ཡང་དག་པའི་མཐའ་མ་ཡིན་པར་མ་ཡིན་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། གཞན་ལ་རྒྱ་ཆེར་རྗོད་ཅིང་སྟོན་ལ་འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་གསལ་བར་བྱེད་ལ་ཡང་དག་པར་སྟོན་པ་བྱེད་ཅིང་། དེའི་དོན་གཏན་ལ་བབ་པ་སྟོན་པ་བྱེད་ན་བསོད་ནམས་མང་དུ་འཕེལ་གྱི། བདག་འབའ་ཤིག་གིས་བཟུང་བའམ། ཀུན་ཆུབ་པར་བྱས་པ་འམ། བཅངས་པ་འམ། བླགས་པ་འམ། ཚུལ་བཞིན་དུ་ཡིད་ལ་བྱས་པས་ནི་མ་ཡིན་ནོ། །​ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག །​བདག་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་ཅིང་། ཀུན་ཆུབ་པར་བྱེད་དེ། འཆང་ཞིང་ཀློག་ལ། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་གཞན་ལ་ཡང་རྒྱ་ཆེར་རྗོད་ཅིང་སྟོན་ལ། འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་གསལ་བར་བྱེད་ལ། ཡང་དག་པར་སྟོན་པ་བྱེད་ཅིང་། དེའི་དོན་གཏན་ལ་བབ་པར་སྟོན་པར་བྱེད་ན། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ནི་ཤིན་ཏུ་མང་དུ་འཕེལ་ལོ། །​བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་དོན་དང་ལྡན་ལ། ཡི་གེ་དང་ལྡན་པར་བསྟན་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་དོན་དང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97049#UT22084-014-001-97049