གང་ད་ལྟར་བྱུང་བའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དེ་དག་ཀྱང་རིག་སྔགས་འདི་ཉིད་ལ་བསླབས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །​ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་མ་བྱས། ཁ་ཏོན་མ་བྱས། ཀླག་པ་དང་། ཀུན་ཆུབ་པར་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་ཀྱང་། གང་ལ་བྲིས་ཤིང་། འཆང་བའི་ཁྱིམ་མམ། གྲོང་ངམ། གྲོང་རྡལ་ལམ། གྲོང་ཁྱེར་དེར་མྱི་འམ། མྱི་མ་ཡིན་པ་གླགས་ལྟ་བས་གླགས་རྙེད་པར་མྱི་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཆོད་པའི་ཕྱིར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་དང་། མཚེ་མའི་ལྷའི་བུ་དང་། དགའ་ལྡན་གྱི་ལྷའི་བུ་དང་། འཕྲུལ་དགའི་ལྷའི་བུ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་དང་། ཚངས་རིས་ཀྱི་ལྷའི་བུ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷའི་བུ་དང་། ཚངས་པ་ཀུན་འཁོར་གྱི་ལྷའི་བུ་དང་། ཚངས་ཆེན་གྱི་ལྷའི་བུ་དང་། སྣང་བའི་ལྷའི་བུ་དང་། ཆུང་སྣང་གི་ལྷའི་བུ་དང་། ཚད་མྱེད་སྣང་བའི་ལྷའི་བུ་དང་། ཀུན་སྣང་དང་བའི་ལྷའི་བུ་དང་། དགེ་བའི་ལྷའི་བུ་དང་། ཆུང་དགེའི་ལྷའི་བུ་དང་། ཚད་མྱེད་དགེ་བའི་ལྷའི་བུ་དང་། དགེ་རྒྱས་ཀྱི་ལྷའི་བུ་དང་། ཆེ་བའི་ལྷའི་བུ་དང་། ཆུང་ཆེའི་ལྷའི་བུ་དང་། ཚད་མྱེད་ཆེ་བའི་ལྷའི་བུ་དང་། འབྲས་བུ་ཆེ་བའི་ལྷའི་བུ་དང་། མྱི་ཆེ་བའི་ལྷའི་བུ་དང་། མྱི་གདུང་བའི་ལྷའི་བུ་དང་། ཤིན་ཏུ་མཐོང་བའི་ལྷའི་བུ་དང་། གྱ་ནོམ་སྣང་བའི་ལྷའི་བུ་དང་། འོག་མྱིན་གྱི་ལྷའི་བུ་དག་དང་། འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་པའི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96741#UT22084-014-001-96741