སུས་ཀྱང་ཐོས་པའམ། ཤེས་པར་གྱུར་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །​རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྤྲུལ་པ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མྱེད་དོ། །སུས་ཀྱང་ཐོས་པ་མྱེད་དོ། །​སུས་ཀྱང་ཤེས་པ་མྱེད་དོ། །​ལྷའི་བུ་དག་འདི་སྟེ་དཔེར་ན། སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིག་ཆོས་སྟོན་པར་མཐོང་ན། ལྷའི་བུ་དག་ལ་ཇི་སྙམ་དུ་སེམས། དེ་ལ་སུས་ཀྱང་བསྟན་པ་འམ། ཐོས་པ་འམ། ཤེས་པར་གྱུར་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །​རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མྱི་ལམ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མྱེད་དོ། །སུས་ཀྱང་ཐོས་པ་མྱེད་དོ། །​སུས་ཀྱང་ཤེས་པ་མྱེད་དོ། །​ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གཉིས་ཤིག་རིའི་སུལ་དུ་འཁོད་དེ་སངས་རྒྱས་ཀྱི་ལེགས་པ་ཡང་བརྗོད། ཆོས་དང་དགེ་འདུན་གྱི་ལེགས་པ་ཡང་བརྗོད་ལ། དེ་གཉིས་ལས་སྒྲ་བརྙན་གྱི་དབྱངས་བྱུང་ན། ལྷའི་བུ་དག་དེ་ལ་ཇི་སྙམ་དུ་སེམས། སྒྲ་བརྙན་གཅིག་པོ་དེས། སྒྲ་བརྙན་གཉིས་པའི་སྒྲ་ཤེས་པར་བྱས་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །​རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྲ་བརྙན་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མྱེད་དོ། །​སུས་ཀྱང་ཐོས་པ་མྱེད་དོ། །​སུས་ཀྱང་ཤེས་པ་མྱེད་དོ། །​ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན་སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཚན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་དེ་བཞིན་གཤེགས། པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིག་མངོན་པར་སྤྲུལ་ཏེ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་བཞི་ཡང་མངོན་པར་སྤྲུལ་ནས། དེས་སྤྲུལ་པའི་འཁོར་བཞི་ལ་ཆོས་བསྟན་ན། ལྷའི་བུ་དག་དེ་ལ་དྲི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96173#UT22084-014-001-96173