ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་མྱི་དམྱིགས་པའི་ཚུལ་གྱིས་བསླབ་པར་བྱའོ། །​གནས་པར་བྱའོ། །​དེ་ནས་འཁོར་དེའི་ནང་ནས། ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ། གང་གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་གྱི་ཚིག་དང་གནོད་སྦྱིན་གྱི་སྐད་དང་། གནོད་སྦྱིན་ཀྱི་སྒྲ་དང་གནོད་སྦྱིན་གྱི་བརྗོད་པ་དེ་དག་ནི་སྨྲས་པར་གྱུར་ན། ཤེས་པར་རུང་གི །​གང་འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་འཆད་པ་དང་། རྗོད་པ་དང་། སྟོན་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་བ་དང་། གཏན་ལ་ཕབ་པར་སྟོན་པ་དེ་ནི་ཤེས་པར་མྱི་རུང་ངོ་། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོརད་ཀྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། ལྷའི་བུ་དེ་དག་ལ་སྨྲས་པ། ལྷའི་བུ་དག་གང་སྨྲས་པ། དེ་ཤེས་བར་མྱི་རུང་ངམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། འཕགས་པ་རབ་འབྱོརད་ཤེས་པར་མྱི་རུང་ངོ་། །​རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་འདི་ལྟར་ཡི་གེ་གཅིག་ཀྱང་མ་བརྗོད་ཀྱི། གང་མ་བརྗོད་པ་དེ་ནི་ཐོས་པར་མྱི་རུང་ངོ་། །​གང་ཐོས་པར་མྱི་རུང་བ་དེ་ནི་ཤེས་པར་མི་རུང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་ཡིན་ཏེ། དེ་ལ་སུ་ཡང་སྟོན་པ་དང་། ཉན་པ་དང་ཤེས་པར་བྱེད་པ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། ལྷའི་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་ཡིག་མྱེད་པའོ། །​ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་སྤྲུལ་པ་ཞིག་སྤྲུལ་སྟེ། སྤྲུལ་པ་དེས་ཀྱང་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་བཞི་མངོན་པར་སྤྲུལ་ལ། དེ་ནས་སྤྲུལ་པ་དེས་སྤྲུལ་པའི་འཁོར་བཞི་པོ་དེ་དག་ལ་ཆོས་བསྟན་པར་གྱུར་ན། ལྷའི་བུ་དག་དེ་ལ་ཇི་སྙམ་དུ་སེམས། འཁོར་དེར་སུས་ཀྱང་བསྟན་པར་གྱུར་པའམ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96172#UT22084-014-001-96172