མདོག་གསེར་གྱི་ཁ་དོག་ལྟ་བུ་འོད་ཟེར་འཕྲོ་བ་དུ་མའི་ཕྲེང་བ་དང་། སྤོས་ཀྱི་གླང་པོ་ཆེའི་སྣ་ལྟ་བུའི་ཕྱག་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོར་བཞག་ནས་ཀླད་པ་ལ་བྱུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་དག་པ་དམ་པ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་སྨྲོས་ཤིག །​དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། ངས་ཀྱང་ད་ལྟར་བྱིན་གྱིས་རློབ་ཀྱིས་ཁྱོད་གསང་བ་དམ་པའི་དམ་ཚིག་སྨྲོས་ཤིག །​ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་ཞིང་བྱིན་གྱིས་བརླབས་པ་གང་གཱའི་ཀླུང་འབུམ་ཕྲག་བྱེ་བ་བརྒྱ་སྟོང་གི་བྱེ་མའི་རྡུལ་ཕྲ་རབ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་ཤིང་རྗེས་སུ་ཡི་རང་བར་མཛད་དོ། །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱོགས་བཅུར་བལྟས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རང་གི་སྙིང་པོ་དེ་ཁོ་ན་ཉིད་གསང་བའི་གསང་སྔགས་འདི་དག་གསོལ་ཏོ། །​ཨོཾ་པདྨ་ཧ་སྟ། མ་ཧཱ་ཨ་མོ་གྷ་པཱ་ཤ་སཱ་དྷ་ཡ་ས་མ་ཡ་ཧྲི་ད་ཡན་ཙ་ར་ཙ་ར་ཧཱུཾ། དོན་ཡོད་པའི་ཞགས་པའི་རང་བཞིན་གྱི་གཟུངས་ཀྱི་སྙིང་པོ་ཡིན་ནོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསང་བའི་སྙིང་པོ་འདི་བརྗོད་མ་ཐག་ཏུ་རིའི་རྒྱལ་པོ་པོ་ཏ་ལ་འདི་བྲག་དང་། ནགས་ཚལ་དང་། རྩི་ཤིང་དུ་བཅས་པ་དང་། རི་རབ་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་བཅས་པ་རྣམས་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཤིང་ལྷའི་གནས་རྣམས་ཀྱང་ལྡེག་པར་གྱུར་ཏེ། ཐམས་ཅད་འདར་འདར་པོར་གྱུར་ཏོ། །​ཀླུའི་གནས་དང་། གནོད་སྦྱིན་དང་། སྲིན་པོའི་གནས་རྣམས་ཀྱང་འཁྲུག་པར་གྱུར་ཏོ། །​རྒྱ་མཚོ་ཆེན་པོའི་རླབས་ཀྱང་འཁྲུག་པར་གྱུར་ཏོ། །​ཆུ་གཏེར་རྣམས་ཀྱང་འཁྲུག་པར་གྱུར་ཏོ། །​དེ་མ་ཐག་ཏུ་ཕྱོགས་བཅུ་ན་སངས་རྒྱས་ཀྱི་སྐུ་གཟུགས་བརྙན་བཞུགས་པ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །​རྒྱལ་བའི་བདག་ཉིད་དུ་སྐྱེས་པ་དོན་ཡོད་པའི་ཞགས་པའི་གསང་བའི་སྙིང་པོ་བཀླགས་པས་འགྲུབ་པ་བླ་ན་མེད་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6457#UT22084-092-001-6457