པའི་ལུས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཞལ་གྱི་དཀྱིལ་འཁོར་རྒྱས་ཤིང་རྫོགས་ལ་ཞི་བ། བཞིན་འཛུམ་པའི་བཞིན་གྱིས་བྱམས་པ་དང་། སྙིང་རྗེ་ཆེན་པོའི་མཐུ་ཡིད་ལ་བྱེད་པས། རིགས་བཞིའི་འཇིག་རྟེན་ལ་ཕན་པ་དང་། སྙིང་བརྩེ་བས་དོན་ཐམས་ཅད་གྲུབ་པར་རིག་སྔགས་འཆང་རྣམས་ཀྱི་བླ་ན་མེད་པའི་དེ་ཁོ་ན་ཉིད་གྲུབ་པ་མཆོག་སྦྱིན་པ་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བདག་ལ་དོན་ཡོད་པའི་རྒྱལ་པོའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་སྙིང་པོ་འདི་མཆིས་ཏེ། འདི་པདྨ་རྒྱ་ཆེན་པོའི་དཀྱིལ་འཁོར་དེ་ཁོ་ན་ཉིད་ཆེན་པོའི་སྙིང་པོར་འཕགས་པ་སྙིང་པོར་གྱུར་པ། དེ་ཁོ་ན་ཉིད་གྲུབ་པ་པདྨ་དམ་པ་དཀྱིལ་འཁོར་ཆེན་པོ་འདི་ཕྱག་རྒྱ་དང་། གསང་སྔགས་དང་། སྙིང་པོ་རིམ་པར་ཕྱེ་བ་གསང་བ་དམ་པ་རྣམ་པར་གྲོལ་བའི་དཀྱིལ་འཁོར་དམ་ཚིག་དང་། སྒྲུབ་པ་གསང་བ་འདི། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྒྲག་པར་བགྱིའོ། །​ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་མང་པོའི་འཁོར་ཆེན་པོའི་མདུན་དང་། རིག་སྔགས་གྲུབ་པའི་ལྷའི་དཀྱིལ་འཁོར་གྱི་མདུན་འདིར་ཡང་བསྒྲག་པར་བགྱིའོ། །​གང་ཡང་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ལྷ་དང་གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། དྲང་སྲོང་གི་ཚོགས་དང་། ཟླ་བ་དང་། ཉི་མ་དང་། སྐར་མའི་ཚོགས་དང་རྒྱུ་སྐར་དང་། རིག་སྔགས་འཆང་གྲུབ་པའི་ལྷ་མོ་རྣམས་ཀྱི་མདུན་དུ་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཡང་དག་པ་འཇིག་རྟེན་ལས་འདས་པ། དངོས་གྲུབ་སྒྲུབ་པ་བཀླགས་པས་གྲུབ་པ་དང་། བསྒོམས་པས་གྲུབ་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིག་སྔགས་ཆེན་པོ་འཆང་བའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་མདུན་དུ་དེ་ཁོ་ན་ཉིད་ཀྱི་སྙིང་པོ་གསང་བ་དམ་པ་བསྒྲགས་ཤིང་བརྗོད་པར་བགྱིའོ། །​དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསོད་ནམས་སྟོང་གིས་བརྒྱན་པ་མཚན་དང་དཔེ་བྱད་རྣམས་ཀྱིས་རྣམ་པར་སྤྲས་པ། ཕྱག་དཔུང་པའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6456#UT22084-092-001-6456