སྨྲས་པ་ལེགས་སོ་ལེགས་སོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །​སེམས་པ་དག་པ་ཁྱོད་ཀྱིས་གསང་བ་བཀླག་པའི་ཆོ་ག་དེ་ཁོ་ན་ཉིད་སྒྲུབ་པ་རྒྱས་པ་དང་བཅས་པར་སྨྲོས་ཤིག །​སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་པ། བཅོམ་ལྡན་འདས་གསང་བའི་སྙིང་པོའི་གཟུངས་འདི་ལན་ཅིག་བརྗོད་པ་ཙམ་གྱིས་དེའི་མོད་ལ་ཕྱོགས་བཅུ་ཐ་དད་པ་ནས་གང་གཱའི་ཀླུངས་ཡ་བྱེ་བ་བརྒྱ་སྟོང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པའི་ཕྱག་བརྐྱང་སྟེ། སྤྱི་བོར་བཞག་ནས་ལེགས་སོ་ཞེས་བགྱི་བའི་སྒྲ་གསུངས་ཏེ། གསུངས་པ་ཙམ་གྱི་མོད་ལ་སྔོན་བསྐལ་བ་བརྒྱ་སྟོང་དུ་བསགས་པའི་སྒྲིབ་པ་རྣམས་ཉམས་པར་བགྱིད། ཞིག་པར་བགྱིད་དོ། །​སྡིག་པ་ཐམས་ཅད་དང་། ནད་ཐམས་ཅད་དང་། དེ་བཞིན་དུ་གནོད་པ་ཞི་བར་བགྱིད་དོ། །​སྡིག་པ་དང་སེམས་ཅན་གདུག་པ་རྣམས་དང་། ཕས་ཀྱི་རྒོལ་བ་རྣམས་དང་། མི་མཛའ་བ་རྣམས་འཇིག་པར་བགྱིད་དེ། འདི་ལ་ཐེ་ཚོམ་མི་བགྱིའོ། །​རྟག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་བལྟ་འཚལ་བར་འགྱུར་ལགས་སོ། །​རིག་སྔགས་འདིའི་ཆོ་ག་སྒྲུབ་པ་ནི་འདི་ཡིན་ཏེ། རིག་སྔགས་འཆང་གཙང་མར་གྱུར་པས་ཤིན་ཏུ་ཁྲུས་བགྱིས་ཏེ། གོས་གཙང་མ་བགོས་པར་བགྱིའོ། །​བྱམས་པ་དང་། སྙིང་རྗེ་ཡིད་ལ་བགྱིས་པས་འབྱུང་པོ་ཐམས་ཅད་ལ་མཆོག་ཏུ་སྙིང་བརྩེ་བར་བགྱིའོ། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལ་མཆོད་པར་བགྱིའོ། །​མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། མར་མེ་དབུལ་བར་བགྱིའོ། །​ཚེས་བརྒྱད་དམ། ཚེས་བཅྭ་ལྔ་ལ་སྒྲུབ་པའི་བཟླས་བརྗོད་ཀྱི་ཆོ་ག་བགྱིའོ། །​རི་མོའི་གཟུགས་ཀྱི་མདུན་དུ་ཐོག་མར་སྐྱིལ་མོ་ཀྲུང་བཅས་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །​ཚིག་གཞན་མི་སྨྲ་བར་ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་ཆབ་དང་། ཡུངས་ཀར་གྱིས་དབང་བསྐུར་བར་བགྱིའོ། །​ཕྱག་རྒྱ་བཅིང་བར་བགྱི་སྟེ། ལན་ཉི་ཤུ་རྩ་གཅིག་གདོན་པར་བགྱིའོ། །​གསང་སྔགས་ཀྱིས་ནི་དབང་བསྐུར་བར་བགྱིའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6458#UT22084-092-001-6458