གིས་ལུང་བསྟན་ཐོབ་གྱུར་ཅིག །​གསེར་གྱི་ལག་པའི་དབང་དང་གསེར་གྱི་འོད། །​བདག་གི་ཁྱེའུ་ནི་གང་ཡིན་འདི་གཉིས་ཀྱང་། །​དེར་ནི་བུ་ཕོ་དེ་དག་གཉི་ག་དང་། །​བྱང་ཆུབ་བླ་མེད་ལུང་བསྟན་ཐོབ་པར་ཤོག །​སེམས་ཅན་གང་དག་གནས་དང་རྟེན་མེད་ཅིང་། །སྐྱབས་དང་བྲལ་ནས་ཕོངས་པར་གྱུར་པ་དག །​དེ་དག་ལ་ཡང་མ་འོངས་དུས་རྣམས་ན། །​སྐྱོབ་དང་དཔུང་གཉེན་སྐྱབས་དང་རྟེན་གྱུར་ཤོག །​སྡུག་བསྔལ་ཀུན་འབྱུང་ཟད་པར་བྱེད་གྱུར་ཅིག །​དགེ་བ་ཀུན་གྱི་འབྱུང་གནས་གྱུར་པར་ཤོག །​སྔོན་མཐའ་འདས་པ་དེ་དག་ཇི་སྲིད་པ། །​མ་འོངས་བསྐལ་པར་བྱང་ཆུབ་སྤྱད་པར་བགྱི། །​གསེར་འོད་དམ་པ་ཡི་ནི་བཤགས་པ་ཡིས། །​བདག་གི་སྡིག་པའི་རྒྱ་མཚོ་བསྐམས་པར་ཤོག །​བདག་གི་ལས་ཀྱི་རྒྱ་མཚོ་ཟད་གྱུར་ཅིག །​བདག་གི་ཉོན་མོངས་རྒྱ་མཚོ་ཟད་པར་ཤོག །​བདག་གི་བསོད་ནམས་རྒྱ་མཚོ་རྫོགས་གྱུར་ཅིག །​ཡེ་ཤེས་དྲི་མེད་སྣང་བ་དམ་པ་ཡི། །​བདག་གི་ཡེ་ཤེས་རྒྱ་མཚོ་རྣམ་དག་ཅིང་། །​ཡོན་ཏན་ཀུན་གྱི་རྒྱ་མཚོར་གྱུར་པར་ཤོག །​བྱང་ཆུབ་ཡོན་ཏན་རིན་ཆེན་རྫོགས་གྱུར་ཅིག །​གསེར་འོད་དམ་པའི་བཤགས་པའི་སྟོབས་ཀྱིས་ནི། །​བདག་གི་བསོད་ནམས་རབ་ཏུ་སྣང་བར་ཤོག །བདག་གི་བྱང་ཆུབ་སྣང་བ་རྣམ་དག་གྱུར། །​ཡེ་ཤེས་དྲི་མེད་སྣང་བ་དམ་པ་ཡི། །​བདག་གི་ལུས་ཀྱི་འོད་ནི་སྣང་བར་ཤོག །​བསོད་ནམས་སྣང་བ་ལྷག་གེར་བྱ་བའི་ཕྱིར། །​འཇིག་རྟེན་གསུམ་ན་ཁྱད་པར་འཕགས་གྱུར་ཅིག །​བསོད་ནམས་སྟོབས་དང་རྟག་ཏུ་ལྡན་པར་ཤོག །​སྡུག་བསྔལ་རྒྱ་མཚོ་ལས་ནི་སྒྲོལ་བ་དང་། །​བདེ་བ་ཀུན་གྱི་རྒྱ་མཚོ་འདྲ་བ་ཡིས། །​མ་འོངས་བསྐལ་པར་བྱང་ཆུབ་སྤྱད་པར་བགྱི། །​འཇིག་རྟེན་གསུམ་ན་སྔོན་མཐར་ཇི་སྙེད་གཤེགས། །​དེ་དག་ཞིང་ནི་རྒྱལ་བ་ཐམས་ཅད་ཀྱི། །​ཡོན་ཏན་མཐའ་ཡས་ཁྱད་འཕགས་ཅི་འདྲ་བ། །​ཡོན་ཏན་མཐའ་ཡས་རྣམས་ཀྱིས་བདག་གི་ཞིང་། །​མ་འོངས་དུས་ན་དེ་འདྲར་འགྱུར་བར་ཤོག །​གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ་མེ་ཏོག་པདྨའི་འབྱུང་གནས་ཀྱི་ལེའུ་ཞེས་བྱ་བ་སྟེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh557/UT22084-090-001-1866#UT22084-090-001-1866