དང་མཚུངས་འདྲ་སྙེད། །​ཕྲ་བའི་རྡུལ་སྙེད་སངས་རྒྱས་གང་འདས་དང་། །​གང་དག་ཕྲ་བའི་རྡུལ་སྙེད་བྱུང་བ་དང་། །​གང་དག་ཕྲ་བའི་རྡུལ་སྙེད་བཞུགས་པ་ཡི། །​རྒྱལ་བ་དེ་དག་ལ་ནི་རབ་དང་བའི། །​ངག་ཡིད་ལུས་ཀྱིས་མེ་ཏོག་དབུལ་བ་དང་། །​སྤོས་རྣམས་དབུལ་དང་བསྔགས་པ་བརྒྱ་དག་དང་། །​དགེ་བའི་སེམས་ཀྱིས་ཀྱང་ནི་ཕྱག་འཚལ་ལོ། །​རྒྱལ་བའི་ཡོན་ཏན་གང་དག་དགེར་གྱུར་པ། །​སྙིང་པོ་མཆོག་རབ་སྣ་ཚོགས་དུ་མ་སྟེ། །​བདག་གིས་བསྐལ་པ་སྟོང་དུ་ལྕེ་བརྒྱ་ཡིས། །​སངས་རྒྱས་ཡོན་ཏན་བརྗོད་པར་མི་ནུས་སོ། །​རྒྱལ་བ་གཅིག་གི་ཡོན་ཏན་རྣམས་ཀྱང་ནི། །​ལྕེ་སྟོང་གིས་ཀྱང་ཅུང་ཟད་བརྗོད་མི་ནུས། །​བདག་གིས་རྒྱལ་བ་དག་ནི་ཐམས་ཅད་ཀྱི། །​ཡོན་ཏན་ལྕེ་བརྒྱས་བརྗོད་པར་ག་ལ་ནུས། །​ལྷར་བཅས་འཇིག་རྟེན་ཐམས་ཅད་མཚོར་གྱུར་ཏེ། །​སྲིད་པའི་རྩེ་མོ་མན་ཆད་ཆུས་གང་བ། །​སྐྲ་ཡི་རྩེ་མོས་དཔག་པར་ནུས་སྲིད་ཀྱི། །​བདེ་གཤེགས་རྣམས་ཀྱི་ཡོན་ཏན་གཅིག་ལ་མིན། །​ལུས་དང་ངག་ཡིད་རབ་ཏུ་དང་བ་ཡིས། །​རྒྱལ་བ་ཀུན་ལ་བདག་གིས་བསྔགས་བསྟོད་པས། །​བདག་གིས་བསོད་ནམས་འབྲས་བུ་མཆོག་བསགས་གང་། །​དེས་ནི་སེམས་ཅན་རྒྱལ་བ་རེག་གྱུར་ཅིག །​དེ་ལྟར་རྒྱལ་པོས་སངས་རྒྱས་རྣམས་བསྟོད་ནས། །​རྒྱལ་པོ་འདི་ལྟར་སྨོན་ལམ་འདེབས་པ་ནི། །​མ་འོངས་བསྐལ་པ་མཐའ་ཡས་རྣམས་སུ་ཡང་། །​གང་དང་གང་དུ་བདག་ནི་སྐྱེ་བ་ན། །​རྨི་ལམ་དུ་ནི་འདི་འདྲའི་རྔ་བལྟ་ཞིང་། །​དེར་ནི་བཤགས་པ་འདི་འདྲ་མཉན་པར་བགྱི། །​རྒྱལ་བསྟོད་པདྨ་འབྱུང་རྒྱལ་འདི་འདྲ་བ། །​སྐྱེ་བ་དེ་དང་དེར་ནི་རྙེད་པར་བགྱི། །​སངས་རྒྱས་ཡོན་ཏན་མཐའ་ཡས་མཚུངས་མེད་དང་། །​གང་ཡང་བསྐལ་པ་སྟོང་དུ་རྙེད་དཀའ་བ། །​དེ་དག་རྨི་ལམ་དུ་ཡང་མཉན་པར་བགྱི། །​ཉིན་གྱུར་ཚེ་ཡང་དེ་དག་བཤད་པར་བགྱི། །​སེམས་ཅན་སྡུག་བསྔལ་མཚོ་ལས་ཐར་བར་བགྱི། །​ཕ་རོལ་ཕྱིན་པ་དྲུག་པོ་རྫོགས་པར་བགྱི། །​ཕྱི་ནས་བྱང་ཆུབ་བླ་མེད་ཐོབ་པར་བགྱི། །​བདག་གི་ཞིང་ནི་ལྷོད་པ་མེད་གྱུར་ཅིག །​རྔ་ཕུལ་རྣམ་པར་སྨིན་པའི་འབྲས་བུ་དང་། །​རྒྱལ་བ་ཐམས་ཅད་ལ་ཡང་བསྟོད་པའི་རྒྱུས། །​ཤཱཀྱ་ཐུབ་དབང་མངོན་དུ་བལྟ་བར་བགྱི། །​དེར་ནི་བདག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh557/UT22084-090-001-1865#UT22084-090-001-1865