སྣ་ཚོགས་དག་ན་གནས་གྱུར་ཅིང་། །​ཉོན་མོངས་སྟོང་ཕྲག་དུ་མས་དཀྲུགས་ནས་ཀྱང་། །​འཇིགས་པ་མི་བཟད་མྱ་ངན་སྣ་ཚོགས་རྙེད། །​དེ་དག་ཐམས་ཅད་བཅིངས་ལས་གྲོལ་གྱུར་ཅིང་། །​བརྡེག་པ་དག་ནི་བརྡེག་ལས་ཐར་བར་ཤོག །​བསད་པ་རྣམས་ཀྱང་སྲོག་དང་ལྡན་གྱུར་ཅིག །​ཕོངས་གྱུར་ཐམས་ཅད་འཇིགས་པ་མེད་པར་ཤོག །​སེམས་ཅན་གང་དག་བཀྲེས་སྲེད་སྐོམ་གྱིས་གཟིར། །​དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག །​ལོང་བས་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིག །​འོན་པས་ཡིད་འོང་སྒྲ་རྣམས་ཐོས་པར་ཤོག །​གཅེར་བུ་རྣམས་ཀྱིས་སྣ་ཚོགས་གོས་རྙེད་གྱུར། །​སེམས་ཅན་དབུལ་པོས་གཏེར་རྣམས་རྙེད་པར་ཤོག །​ནོར་འབྲུ་རིན་ཆེན་སྣ་ཚོགས་མང་པོ་ཡིས། །​སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག །​གང་ཡང་སྡུག་བསྔལ་ཚོར་བས་གནོད་མ་གྱུར། །​སེམས་ཅན་ཐམས་ཅད་བལྟ་ན་སྡུག་པ་དང་། །​གཟུགས་བཟང་མཛེས་ཤིང་ཚུལ་དུ་ཤིས་པར་ཤོག །​རྟག་ཏུ་བདེ་བ་དུ་མ་རྫོགས་གྱུར་ཅིག །​ཡིད་ཀྱིས་ཟས་སྐོམ་རབ་འབྱོར་བསོད་ནམས་དག །​བསམས་མ་ཐག་ཏུ་དེ་དག་གྲུབ་གྱུར་ཅིག །​རྫ་རྔ་ཅང་ཏེའུ་པི་བང་སྒྲ་སྙན་དང་། །​ཆུ་མིག་མཚེའུ་དང་རྫིང་བུ་ལྟེང་ཀ་དང་། །གསེར་གྱི་པདྨ་ཨུཏྤལ་པདྨ་ཅན། །​ཟས་སྐོམ་གོས་ནོར་མུ་ཏིག་ནོར་བུ་དབྱིག །​རྒྱན་གསེར་རིན་ཆེན་སྣ་ཚོགས་བཻ་ཌཱུརྱ། །​དེ་དག་བསམས་མ་ཐག་ཏུ་གྲུབ་གྱུར་ཅིག །​འཇིག་རྟེན་གང་ནའང་སྡུག་བསྔལ་སྒྲ་མ་བྱུང་། །​སེམས་ཅན་གཅིག་ཀྱང་མི་འཕྲོད་མཐོང་མ་གྱུར། །​དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེན་དང་། །​ཕན་ཚུན་དུ་ནི་འོད་བྱེད་གྱུར་པར་ཤོག །​མི་ཡི་འཇིག་རྟེན་ཕུན་སུམ་ཚོགས་གང་ཡོད། །​དེ་དག་གང་དུ་བསམས་པར་སྐྱེ་བར་གྱུར། །​བསམ་པ་ཐམས་ཅད་བསམས་མ་ཐག་ཏུ་ཡང་། །​བསོད་ནམས་འབྲས་བུ་ཡོངས་སུ་རྫོགས་པར་ཤོག །སྤོས་དང་ཕྲེང་བ་དག་དང་བྱུག་པ་དང་། །​གོས་དང་ཕྱེ་མ་མེ་ཏོག་སྣ་ཚོགས་དག །​ལྗོན་ཤིང་དག་ལས་དུས་གསུམ་འབབ་པར་ཤོག །​སེམས་ཅན་དེ་དག་ལེན་ཅིང་དགར་གྱུར་ཅིག །​དེ་བཞིན་གཤེགས་པ་བསམ་ཡས་ཐམས་ཅད་དང་། །​རྫོགས་པའི་བྱང་ཆུབ་སེམས་དཔའ་ཉན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh557/UT22084-090-001-1861#UT22084-090-001-1861