ན་ཤེས་པར་ནུས་ཀྱང་སྲིད། །​སངས་རྒྱས་ཡོན་ཏན་ཕ་མཐར་ཤེས་མི་ནུས། །​ཡོན་ཏན་ཁ་དོག་སྙན་དང་གྲགས་པ་དང་། །​དགེ་བའི་མཚན་གྱིས་བརྒྱན་པའི་སྐུ་ལུས་དང་། །​དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ཡིས། །​སེམས་ཅན་ཐམས་ཅད་དེ་འདྲར་འགྱུར་བར་ཤོག །​བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །​འཇིག་རྟེན་མི་རིང་སངས་རྒྱས་འགྱུར་བར་བགྱི། །​འགྲོ་ལ་ཕན་ཕྱིར་ཆོས་ཀྱང་བསྟན་པར་བགྱི། །​སེམས་ཅན་སྡུག་བསྔལ་མང་གཟིར་ཐར་བར་བགྱི། །​སྟོབས་བཅས་སྡེར་བཅས་བདུད་ལས་རྒྱལ་བར་བགྱི། །ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་བར་བགྱི། །​བསྐལ་པ་བསམ་གྱིས་མི་ཁྱབ་གནས་པར་བགྱི། །​བདུད་རྩིའི་ཆུ་ཡིས་སེམས་ཅན་ཚིམ་པར་བགྱི། །​ཇི་ལྟར་སྔོན་གྱི་རྒྱལ་བས་རྫོགས་པ་ལྟར། །​ཕ་རོལ་ཕྱིན་དྲུག་བླ་མེད་རྫོགས་པར་བགྱི། །​ཉོན་མོངས་གཞོམ་ཞིང་སྡུག་བསྔལ་བསལ་བར་བགྱི། །​འདོད་ཆགས་ཞེ་སྡང་གཏི་མུག་ཞི་བར་བགྱི། །​སྐྱེ་བ་བརྒྱ་དང་སྐྱེ་བ་བྱེ་བ་སྟོང་། །​བདག་ནི་རྟག་ཏུ་སྐྱེ་བ་དྲན་པར་བགྱི། །​ཐུབ་པའི་དབང་པོ་རྟག་ཏུ་དྲན་པར་བགྱི། །​དེ་ཡི་གསུང་ནི་རྒྱ་ཆེན་ཐོས་པར་བགྱི། །​བདག་ནི་དགེ་བའི་ལས་རྣམས་འདི་དག་གིས། །རྟག་ཏུ་སངས་རྒྱས་འགྲོགས་པ་རྙེད་པར་བགྱི། །​སྡིག་པའི་ལས་རྣམས་རྣམ་པར་སྤང་བར་བགྱི། །​དགེ་བའི་འབྱུང་གནས་དགེ་རྣམས་སྤྱད་པར་བགྱི། །​ཞིང་རྣམས་ཀུན་ན་སྲོག་ཆགས་ཐམས་ཅད་ཀྱང་། །​འཇིག་རྟེན་དག་ན་སྡུག་བསྔལ་ཀུན་ཞི་གྱུར། །​སེམས་ཅན་དབང་པོ་མ་ཚང་ཡན་ལག་ཉམས། །​དེ་ཀུན་དེའུ་རེ་དབང་པོ་ཚང་བར་ཤོག །​གང་དག་ནད་བཏབ་ཉམ་ཆུང་ལུས་ཉམས་དང་། །​ཕྱོགས་བཅུ་དག་ན་སྐྱབས་མེད་གྱུར་པ་རྣམས། །​དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག །​ནད་མེད་སྟོབས་དང་དབང་པོ་རྙེད་པར་ཤོག །​གང་དག་རྒྱལ་པོ་ཆོམ་རྐུན་བྲེད་བསྡིགས་བསད་ཐུག་དང་། །​སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡིས་ཕོངས་གྱུར་པ། །​སེམས་ཅན་ཉམ་ཐག་གྱུར་ཅིང་སྡུག་བསྔལ་དེ་དག་ཀུན། །​འཇིགས་མཆོག་མི་བཟད་བརྒྱ་པོ་དེ་ལས་ཐར་གྱུར་ཅིག །​གང་དག་བརྡེགས་ཤིང་བཅིང་བས་བཅིངས་གཟིར་བ། །​ཕོངས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh557/UT22084-090-001-1860#UT22084-090-001-1860