རྣམ་རྟོག་མེད་པའི་ཤེས་རབ་འཐོབ། །​གང་གིས་མཚན་མར་སངས་རྒྱས་མཐོང་། །​དེས་ནི་གྲོང་ཁྱེར་གཤེགས་པ་མཐོང་། །​སྐྱེ་ཞིང་འཁོར་བའི་ཆོས་དག་ལ། །​རྣམ་པར་རྟོག་པ་སྐྱེད་པར་བྱེད། །​གང་གིས་སངས་རྒྱས་མཚན་མར་མཐོང་། །​དགའ་བ་དག་ནི་སྐྱེ་འགྱུར་བ། །​དེ་ནི་བདུད་ཀྱི་སྤྱོད་ལ་གནས། །​བདུད་ཀྱི་སྤྱོད་ཡུལ་སྣང་བ་ཡིན། །​གང་གིས་མཚན་མར་སངས་རྒྱས་མཐོང་། །​དེ་ནི་འགྱུར་བ་མཐོང་བ་ཡིན། །​དེ་ནི་མྱ་ངན་གདུངས་བཅས་པས། །​མཁས་པས་སྙིང་བརྩེར་བྱ་བ་ཡིན། །​ཆོས་ལ་ཐོབ་པར་གང་ལྟ་བ། །​དེ་ལ་ཆོས་སྟོར་མྱ་ངན་ཡོད། །སངས་རྒྱས་མཐོང་བ་སྐྱེས་པ་ལ། །​མྱ་ངན་འདས་པའི་སྡུག་བསྔལ་ཡོད། །​བསྐལ་པ་མང་པོ་གང་བསྒོམས་པས། །​མཚན་མ་ཐམས་ཅད་རྟོགས་པས་ན། །​གྲོང་ཁྱེར་གཤེགས་པར་མི་རྟོག་ཅིང་། །​མྱ་ངན་འདའ་བའི་འདུ་ཤེས་མེད། །​སེམས་ཀྱི་མཚན་ཉིད་སྟོང་རྟོགས་པ། །སངས་རྒྱས་སྤྱོད་ལ་གནས་པས་ན། །​གྲོང་ཁྱེར་གཤེགས་པར་མི་རྟོག་ཅིང་། །​མྱ་ངན་འདས་པའི་འདུ་ཤེས་མེད། །​གང་གིས་དེ་ལྟར་རབ་ཤེས་པ། །​སངས་རྒྱས་རྣམས་ནི་མཐོང་འགྱུར་ཞིང་། །​ངོ་བོ་ཉིད་ཀྱང་སྟོང་རྟོགས་པས། །​མཐར་ནི་སྐྱེ་འགག་ཅི་ཡང་མེད། །​བཅོམ་ལྡན་བསྐལ་པ་དཔག་མེད་ནས། །​དཀའ་བ་རྣམས་ནི་རབ་སྤྱད་ནས། །​ངོ་བོ་ཉིད་ནི་སྟོང་མཁྱེན་ན། །​བྱིས་པ་རྣམས་ཀྱིས་མི་རྟོགས་སོ། །​བཅོམ་ལྡན་གྲོང་ཁྱེར་གཤེགས་པའི་ཚེ། །​འཁོར་ནི་བརྒྱ་སྟོང་མང་གིས་བསྐོར། །​མི་དང་མི་མ་ཡིན་ལ་སོགས། །​དང་བའི་སེམས་ཀྱི་མཆོད་པ་བས། །​གང་གིས་སྐད་ཅིག་ཙམ་དུ་ནི། །​མིག་ཟད་མཐའ་ནི་རབ་སེམས་ཤིང་། །​མཚན་མ་རྣམས་ནི་སྟོང་རྟོགས་ན། །​འདི་ཡི་བསོད་ནམས་དེ་བས་འཕགས། །​བགྲང་བ་དང་ནི་གྲངས་ཀྱི་ཆ། །​རྒྱུ་ཙམ་དུ་ཡང་མི་བཟོད་དོ། །​དེ་བཞིན་མིག་གི་སྐྱེ་མཐའ་དང་། །​མིག་གི་མཐའ་དང་འཇུག་པ་ནས། །​རབ་ཏུ་ཞི་བའི་བར་དུ་ཡང་། །​དེ་བཞིན་དུ་ནི་རིག་པར་བྱ། །​རྣ་བ་སྣ་ལྕེ་ལུས་དང་ཡིད། །​གཟུགས་སྒྲ་དྲི་རོ་རེག་བྱ་ནས། །​སྒྲ་དང་མིང་གི་བར་དུ་ཡང་། །​ཐམས་ཅད་དེ་བཞིན་སྦྱར་བར་བྱ། །​དེ་ནས་དེ་ཚེ་བཅོམ་ལྡན་འདས། །​གྲོང་ཁྱེར་དུ་ནི་གཤེགས་པའི་ཚེ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55/UT22084-040-006-1787#UT22084-040-006-1787