ཞབས་ནི་ས་ལ་རེག་ཙམ་གྱིས། །​ས་ནི་ཀུན་ཏུ་རབ་ཏུ་གཡོས། །​རི་རྣམས་གང་ཡིན་དེ་དག་ཀྱང་། །​ཐམས་ཅད་བཅོམ་ལྡན་འདས་ལ་ཕྱོགས། །​ལྷ་དང་མི་ནི་ཆོས་ཀྱི་ཕྱིར། །​ཐམས་ཅད་འོངས་ནས་གུས་མཆོད་བྱས། །​དེ་ནས་དེ་ཚེ་བཅོམ་ལྡན་འདས། །​གྲོང་ཁྱེར་དུ་ནི་གཤེགས་པའི་ཚེ། །​ལྷ་ཡི་དབང་པོ་མི་ཡི་རྒྱལ། །​ལྷ་མ་ཡིན་ནི་མང་པོ་དང་། །​གནོད་སྦྱིན་དག་ནི་མང་པོ་རྣམས། །​རང་གི་གྲོང་ཁྱེར་སྤངས་ནས་ནི། །​བཅོམ་ལྡན་སྤྱན་སྔར་འདུས་གྱུར་ཏེ། །​རབ་ཏུ་དགའ་བས་མཆོད་པ་བྱས། །​དེ་ནས་དེ་ཚེ་བཅོམ་ལྡན་འདས། །​གྲོང་ཁྱེར་དུ་ནི་གཤེགས་པའི་ཚེ། །​གཞན་ཡང་རྣམ་པ་ཐ་དད་པའི། །​བྱ་ཡི་ཚོགས་ནི་ཚད་མེད་པ། །​ནེ་ཙོ་དང་ནི་རྨ་བྱ་དང་། །​ཀ་ལ་པིང་ཀ་བྱ་ཡི་རྣམས། །​བཅོམ་ལྡན་དེ་བཞིན་གཤེགས་པ་ཡི། །​ཡོན་ཏན་མཆོག་ནི་མཐོང་བས་ན། །​ཐམས་ཅད་ནམ་མཁའ་དག་ལ་ནི། །​རབ་ཏུ་དགའ་བས་རྣམ་པར་རྩེ། །​ཐམས་ཅད་རྣམ་པ་སྣ་ཚོགས་ཀྱི། །​སྒྲ་སྙན་དག་ནི་རབ་ཏུ་ཕྱུང་། །​དེ་ནས་དེ་ཚེ་བཅོམ་ལྡན་འདས། །​གྲོང་ཁྱེར་དུ་ནི་གཤེགས་པའི་ཚེ། །​བཅོམ་ལྡན་འདས་ཀྱི་ཡོན་ཏན་དང་། །​རྫུ་འཕྲུལ་གྱི་ནི་སྟོབས་དག་གིས། །​སེམས་ཅན་ཚད་མེད་བརྒྱ་སྟོང་སྙེད། །​ལྡོངས་པ་དག་ནི་མཐོང་བར་གྱུར། །​འོན་པ་རྣམས་ནི་ཐོས་པར་གྱུར། །​དབང་པོ་མ་ཚང་གང་ཡིན་པ། །​ཐམས་ཅད་དབང་པོ་ཚང་བར་གྱུར། །​སྡུག་བསྔལ་ལ་ནི་གནས་པ་དག །​ཐམས་ཅད་བདེ་བ་ཐོབ་པར་གྱུར། །​དེ་ནས་དེ་ཚེ་བཅོམ་ལྡན་འདས། །​གྲོང་ཁྱེར་དུ་ནི་གཤེགས་པའི་ཚེ། །​ནམ་མཁའ་བར་སྣང་དག་ལས་ནི། །​འདི་སྐད་སྨྲ་བ་ཐོས་པར་གྱུར། །​གང་གིས་མཚན་མ་རྣམས་ཀྱིས་ནི། །​དེ་བཞིན་གཤེགས་པ་རྟོགས་བྱེད་པ། །​དེ་ཡིས་བཅོམ་ལྡན་འདས་ལ་ནི། །​མཆོད་པ་བྱས་ཞེས་བརྗོད་མི་བྱ། །​མིག་ཟད་མཐའ་ཡི་ངོ་བོ་ཉིད། །​རྟོགས་པར་ཡང་ནི་མི་འགྱུར་རོ། །​མཚན་མ་རྣམས་ནི་གང་སྤངས་པ། །​ཡོན་ཏན་བཞི་ནི་བསགས་པས་ན། །​མིག་ཟད་མཐའ་ཡི་ངོ་བོ་ཉིད། །​རབ་ཏུ་རྟོགས་པར་ཡང་འགྱུར་རོ། །​འདི་ལྟར་མིག་ནི་ཟད་པའི་མཐའ། །​རབ་ཏུ་རྟོགས་པར་གྱུར་པའི་ཕྱིར། །​སངས་རྒྱས་རྣམས་ཀྱི་ཡོན་ཏན་ཡང་། །​རབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55/UT22084-040-006-1788#UT22084-040-006-1788