བཅོམ་ལྡན་འདས་ལ་དད་སྐྱེས་ནས། །​གསེར་གྱི་རླུང་ཡབ་དག་ཐོགས་ཏེ། །​གཡས་གཡོན་དུ་ནི་འཁོད་པ་དང་། །​བདུད་ཀྱི་བུ་ནི་ལྔ་བརྒྱ་ཡིས། །​ལྷ་ཡི་མེ་ཏོག་ཡིད་འོང་བས། །​དེ་བཞིན་གཤེགས་ལ་མངོན་གཏོར་ནས། །​བླ་མེད་ཡེ་ཤེས་ཚོལ་ལ་ལྟོས། །​འདས་པའི་སངས་རྒྱས་རྣམས་ལ་ནི། །​བསྔགས་པ་བརྗོད་ཅིང་མཆོད་པས་ན། །​དེང་ནི་བཅོམ་ལྡན་ཕྲད་གྱུར་ནས། །​སོ་སོར་དགའ་བར་གྱུར་པ་ཡིན། །​སྤོབས་པ་དག་ནི་ཚད་མེད་ཀྱིས། །​དེ་བཞིན་གཤེགས་པའི་བསྔགས་པ་བརྗོད། །​དེ་ཡི་ཚེ་ན་བདུད་ཀྱི་བུ། །​སྲིད་པ་སྤངས་པ་ཞེས་བྱ་བ། །ཐོག་མར་བཅོམ་ལྡན་བསྔགས་བརྗོད་ནས། །​མིག་ཟད་མཐའ་ནི་ཤེས་པར་གྱུར། །​མིག་གི་སྐྱེ་མཐའ་ཤེས་པ་ནས། །​རབ་ཞི་མཚན་ཉིད་བར་དུ་རྟོགས། །​གཞན་ཡང་མིག་ཟད་ལ་སོགས་པའི། །​མིག་དོན་དག་ནི་དཔག་མེད་རྟོགས། །​དེས་ན་ཚིག་མཁས་དག་གིས་ནི། །​སེམས་ཅན་རྣམས་ལ་ཡང་དག་བསྟན། །​མིང་དང་དོན་རྣམས་ལ་ཡང་ནི། །​ཞེན་དང་ཐེ་ཚོམ་མེད་པས་ན། །​འགྲོ་འོང་མེད་པར་རབ་རྟོགས་ཤིང་། །​བླང་དོར་མེད་པ་ཉིད་དུ་གྱུར། །​རང་བཞིན་དག་ནི་སྟོང་དབེན་པས། །​ཡི་གེ་རྣམས་ནི་སྤངས་པ་དང་། །​ལེན་དང་འཛིན་དང་ཀློག་པ་དང་། །​ཁ་ཏོན་འདོན་ཅིང་སྒྲུབ་མེད་རྟོགས། །​འདས་པའི་དེ་བཞིན་གཤེགས་རྣམས་ཀྱིས། །​སྔོན་ཡང་རབ་ཏུ་ཕྱེ་སྟེ་བསྟན། །​བཏགས་པའི་མིང་ཙམ་ཡིན་པས་ན། །​ཡང་དག་བརྗོད་དུ་ཅི་ཡང་མེད། །​རང་བཞིན་སྟོང་པ་དེ་དག་ནི། །​ཕུང་པོ་ཁམས་དང་སྐྱེ་མཆེད་འདས། །​བརྫུན་པ་མེད་ཅིང་བདེན་པའང་མེད། །​གནས་དང་གནས་པ་ཡོད་པ་མིན། །​ཚིག་གིས་སྨྲ་བའི་ལམ་ཆད་ཅིང་། །​སེམས་ཀྱི་སྤྱོད་པའང་རབ་ཏུ་ཞི། །​སྐྱེ་བོའི་མཚན་མ་ཞེན་པའི་ཕྱིར། །​བཅོམ་ལྡན་གྲོང་ཁྱེར་གཤེགས་པར་མཐོང་། །​བཅོམ་ལྡན་མཚན་མ་ཡོངས་སྤངས་ཀྱང་། །​བྱིས་པ་ཡང་དག་མ་ཡིན་རྟོག །བཅོམ་ལྡན་གྲོང་ཁྱེར་གཤེགས་པའི་ཚེ། །​གང་ཞིག་དགའ་བ་སྐྱེ་འགྱུར་བ། །​དེ་ནི་མཚན་མར་རྟོག་པ་སྟེ། །​མྱ་ངན་གདུང་བ་དང་བཅས་པར་འགྱུར། །​གང་གིས་མཚན་མའི་རྟོག་སྤངས་པ། །​གྲོང་ཁྱེར་གཤེགས་པ་མཐོང་མི་འགྱུར། །​གཤེགས་ཤིང་བསྐྱོད་པའི་མཚན་མ་ལ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55/UT22084-040-006-1786#UT22084-040-006-1786