དེས་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང་། ཐབས་ལ་མཁས་པ་དང་། ཐབས་ཀྱི་སྡོམ་པ་དང་། ཡིད་ལ་ནེམ་ནུར་མེད་པར་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​གང་གིས་སྔོན་མ་མཐོང་བའི་དགེ་སློང་གི་མིང་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། །​གང་གིས་སྔོན་མ་ཐོས་པའི་དགེ་སློང་གི་མིང་ཐོས་ན་དེ་ནི་ས་གཉིས་པར་བལྟའོ། །​གང་གིས་འཇིག་རྟེན་གྱི་ཁམས་གཞན་གྱི་དགེ་སློང་གི་མིང་ཐོས་ན་དེ་ནི་ས་གསུམ་པར་བལྟའོ། །གང་གིས་སྐྱེ་བ་གཅིག་གིས་ཐོགས་པའི་མིང་ཐོས་ན་དེ་ནི་ས་བཞི་པར་བལྟ་སྟེ། ས་གོང་མ་དག་ཏུ་ཡང་འདོད་པར་བྱའོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་ཚིགས་སུ་བཅད་པ་ལ་སྤོབས་པ་ཐོབ་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་གསུམ་པོ་དག་ཏུ་བལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་སྤོབས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །​དེས་གལ་ཏེ་ཆོས་གསུམ་ཡོངས་སུ་སྤངས་ན་མྱུར་དུ་སྣང་བ་འཐོབ་པར་འགྱུར་ཏེ། ཆོས་གསུམ་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་གཞན་མཆོད་པ་ལ་ཕྲག་དོག་བྱེད་པ་དང་། རྙེད་པ་དང་བཀུར་སྟི་འདོད་པ་དང་། གཡོ་ལ་བསྟེན་པ་སྟེ། ཆོས་གསུམ་པོ་དེ་དག་ཡོངས་སུ་སྤང་བར་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​གལ་ཏེ་ཚིགས་སུ་བཅད་པ་ཉུང་ངུ་ལ་སྤོབས་ན་དེ་ནི་ས་དང་པོ་པར་བལྟའོ། །​ཚིགས་སུ་བཅད་པ་སྣ་ཚོགས་ལ་སྤོབས་ན་ས་གཉིས་པར་རོ། །​ཟབ་མོའི་ཚིགས་སུ་བཅད་པ་ལ་སྤོབས་ན་ས་གསུམ་པར་རོ། །​རྣམ་པ་མང་པོ་དག་ལ་སྤོབས་ན་ས་གོང་མར་རོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་མདོ་སྡེ་ལ་སྤོབས་པ་ཐོབ་པར་ཀུན་ཏུ་ཤེས་ན་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་བལྟ་སྟེ། དེ་ལ་དགྲ་བོ་མང་བ་དང་། ཡོན་ཏན་མང་བ་ཡིན་པས་དེས་ཡང་དག་པར་མགུ་བར་བྱེད་པའི་ངང་ཚུལ་ཅན་དུ་བྱ་ཞིང་ཁྱད་པར་དུ་འཕགས་པ་དག་ལ་མཆོད་པར་བྱ་བ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-572#UT22084-039-004-572