ཇི་ལྟ་བ་བཞིན་དུ་སྤྱོད་པའི་གང་ཟག་ལ་ཡང་མཆོད་པར་བྱ་ཞིང་ཤེས་པས་ལྷག་པའི་ང་རྒྱལ་དུ་ཡང་མི་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་ཡང་རྣམ་པར་དག་པར་འགྱུར་ཞིང་རྨི་ལམ་དུ་རྨིས་པའི་ལས་ཀྱི་སྒྲིབ་པ་དེ་ཡང་རྣམ་པར་དག་པར་འགྱུར་ལ་མྱོང་བར་འགྱུར་བ་ཆུང་བར་ཡང་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​དེ་ལ་བཞི་པ་སྒྲུབ་པ་ལ་སྤོབས་ན་ས་དང་པོ་ལ་གནས་པར་འགྱུར་རོ། །​ཡོ་བྱད་བསྙུངས་པ་སྒྲུབ་པའི་མདོ་སྡེ་ལ་སྤོབས་ན་ས་གཉིས་པར་རོ། །​སྣ་ཚོགས་སྒྲུབ་པའི་མདོ་སྡེ་ལ་སྤོབས་ན་ས་གསུམ་པར་རོ། །​སྔོན་གྱི་ཚུལ་སྒྲུབ་པའི་མདོ་སྡེ་ལ་སྤོབས་ན་ས་བཞི་པར་རོ། །​དུས་གསུམ་སྒྲུབ་པའི་མདོ་སྡེ་ལ་སྤོབས་ན་ས་ལྔ་པར་རོ། །​ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ལ་སྤོབས་ན་ས་དྲུག་པར་རོ། །​མདོ་སྡེ་ཟབ་མོ་ལ་སྤོབས་ན་ས་བདུན་པར་རོ། །​ཐམས་ཅད་རྣམ་པར་གཏན་ལ་འབེབས་པ་ལ་སྤོབས་ན་ས་བརྒྱད་པར་བལྟའོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ཆོས་ཀྱི་གཏེར་གྱི་སྒྲ་ཐོས་ན་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟའོ། །​བྱང་ཆུབ་སེམས་དཔའ་དེ་ནི་ཉོན་མོངས་པ་མང་ལ་ལས་ཀྱི་སྒྲིབ་པ་ཆུང་བ་ཡིན་ཏེ། དེས་ཡོངས་སུ་འདྲི་བའི་རང་བཞིན་ཅན་དུ་བྱ་ཞིང་དད་པས་མོས་པར་ཡང་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​གང་གིས་བདག་གྲོང་ན་འདུག་པ་ན་ཆོས་ཀྱི་གཏེར་གྱི་སྒྲ་ཐོས་པར་ཀུན་ཏུ་ཤེས་ན་དེ་ནི་ས་དང་པོ་པར་བལྟའོ། །​གང་གིས་བདག་གནས་ཁང་ན་འདུག་པར་ཀུན་ཏུ་ཤེས་ན་དེ་ནི་ས་གཉིས་པར་རོ། །​གང་གིས་བདག་གཙུག་ལག་ཁང་ན་འདུག་པར་ཀུན་ཏུ་ཤེས་ན་དེ་ནི་ས་གསུམ་པར་རོ། །​གང་གིས་བདག་དགོན་པ་ན་འདུག་པར་ཀུན་ཏུ་ཤེས་ན་དེ་ནི་ས་བཞི་པར་རོ། །​གང་གིས་བདག་སྟན་ལ་འདུག་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་རོ། །​གང་གིས་བདག་སྐྱེད་མོས་ཚལ་ན་འདུག་པར་ཀུན་ཏུ་ཤེས་ན་དེ་ནི་ས་དྲུག་པར་རོ། །​གང་གིས་བདག་རིའི་རྩེ་མོ་ལ་འདུག་པར་ཀུན་ཏུ་ཤེས་ན་དེ་ནི་ས་བདུན་པར་བལྟའོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-573#UT22084-039-004-573