ས་གཉིས་པ་ལ་གནས་པའི་འོ། །​རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་ནི་ས་གསུམ་པ་ལ་གནས་པའི་འོ། །​ཚངས་པའི་གནས་པ་ནི་ས་བཞི་པ་ལ་གནས་པའི་འོ། །​སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་ས་ལྔ་པ་ལ་གནས་པའི་འོ། །​དགོས་པ་ཐམས་ཅད་མངོན་པར་སྒྲུབ་པ་ནི་ས་དྲུག་པ་ལ་གནས་པའི་འོ། །​རིག་པ་ཆེན་པོའི་ས་བདུན་པ་ལ་གནས་པའི་འོ། །​སངས་རྒྱས་ཀྱི་བཀོད་པ་བསྒྲུབ་པ་ནི་ས་བརྒྱད་པ་ལ་གནས་པའི་འོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ཤིན་ཏུ་རྒྱས་པའི་སྡེའི་མདོ་སྡེའི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ཏུ་བལྟ་སྟེ། དེས་ནི་ཆོས་ལ་མོས་པ་དང་། ངེས་པར་གྱུར་པ་ལ་བཟོད་པར་བྱའོ། །​བྱང་ཆུབ་སེམས་དཔའ་དེ་ནི་སྒྲིབ་པ་ཆུང་བ་དང་། རྟོགས་པ་བུལ་བ་ཡིན་པས་དེས་གཅིག་ཏུ་ཡོངས་སུ་ཞུ་བའི་ངང་ཚུལ་ཅན་དང་། བསྙེན་བཀུར་བྱ་བ་ལ་གདུ་བར་བྱ་སྟེ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་སྒྲ་ཐོས་ན་ས་དང་པོ་པར་བལྟའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་སྒྲ་ཐོས་ན་ས་གཉིས་པར་བལྟའོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་སྒྲ་ཐོས་ན་ས་གསུམ་པར་བལྟའོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་སྒྲ་ཐོས་ན་ས་བཞི་པར་བལྟའོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་སྒྲ་ཐོས་ན་ས་ལྔ་པར་བལྟའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་སྒྲ་ཐོས་ན་ས་དྲུག་པར་བལྟའོ། །​མངོན་པར་བརྩོན་པ་དང་། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་གང་ཟག་ནི་མ་གཏོགས་སོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ཆོས་སྨྲ་བའི་དགེ་སློང་ཆེ་གེ་མོ་ཞེས་བྱ་བ་རྣམས་ཀྱི་མིང་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བཞི་པོ་དག་ཏུ་བལྟ་སྟེ། དེས་ནི་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། །​བྱང་ཆུབ་སེམས་དཔའ་དེ་ནི་བར་ཆད་མང་བ་དང་། སེམས་ལ་འགྱོད་པ་མང་བ་དང་། ཤེས་རབ་ཞན་པ་ཡིན་ཏེ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-571#UT22084-039-004-571