གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། སངས་རྒྱས་རྣམས་ལས་མངོན་སུམ་དུ་གཟུངས་ཐོབ་པ་ཡིན་ནོ། །​བྱང་ཆུབ་སེམས་དཔའ་དེ་ནི་ལས་ཀྱི་སྒྲིབ་པ་ཆུང་ལ་བདུད་ཀྱི་ལས་མང་བ་ཡིན་པས་དེས་ན་སྤོབས་པ་སྦྱིན་བར་བྱ་ཞིང་གླགས་ལྟ་བ་མེད་པ་ལ་བརྩོན་པར་ཡང་བྱ་སྟེ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​གལ་ཏེ་ཚིགས་སུ་བཅད་པས་མངོན་པར་བསྒྲུབས་པའི་གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། །​ཡི་གེས་མངོན་པར་བསྒྲུབས་པའི་གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། །​ལེགས་པར་བྲིས་པས་མངོན་པར་བསྒྲུབས་པའི་གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། །​ཀླུས་ཡོངས་སུ་བཟུང་བའི་གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། །​ལྷས་ཡོངས་སུ་བཟུང་བའི་གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། །​གང་གིས་དོན་དམ་པའི་གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ཏིང་ངེ་འཛིན་གྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེས་ནི་འཇིག་རྟེན་གསུམ་ལ་ལྷག་པར་ཆགས་པ་མེད་པར་བྱ་ཞིང་རྟག་ཏུ་དབེན་བ་ལ་མངོན་པར་དགའ་བར་ཡང་བྱའོ། །​དེ་ལ་ནི་ལས་ཀྱི་སྒྲིབ་པ་ཆུང་ཞིང་དེ་ལ་བདུད་ཀྱི་ལས་ཀྱང་ཆུང་མོད་ཀྱི། འོན་ཀྱང་དེ་ལ་ཉོན་མོངས་པའི་སྒྲིབ་པ་ཤས་ཆེ་བས་དེས་ཆོས་སྣ་ཚོགས་དག་མཉན་པར་བྱ་ཞིང་སོ་སོར་བརྟག་པ་མང་དུ་ཡང་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​དེ་ལ་རྟོག་པ་དང་བཅས། དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ནི་ས་དང་པོ་ལ་གནས་པའི་འོ། །​རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ནི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-570#UT22084-039-004-570