རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བྱང་ཆུབ་སེམས་དཔའ་ཕྱིར་བྱུང་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེ་ཚེ་རྗེས་ནས་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར་ཞིང་འདི་ཙམ་ཞིག་ན་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པར་འགྱུར་བའི་མཚམས་བཅད་པ་ཡང་ཡིན་ནོ། །​གང་གིས་རྐང་པས་ཕྱིར་བྱུང་བར་མཐོང་ན་དེ་ནི་ས་དང་པོ་པར་བལྟའོ། །​གང་གིས་གླང་གི་ཤིང་རྟས་ཕྱིར་བྱུང་བ་མཐོང་ན་དེ་ནི་ས་གཉིས་པར་བལྟའོ། །​གང་གིས་རྟའི་ཤིང་རྟས་ཕྱིར་བྱུང་བ་མཐོང་ན་དེ་ནི་ས་གསུམ་པར་བལྟའོ། །​གང་གིས་གླང་པོ་ཆེའི་ཤིང་རྟས་ཕྱིར་བྱུང་བ་མཐོང་ན་དེ་ནི་ས་བཞི་པར་བལྟའོ། །​གང་གིས་མིའི་ཤིང་རྟས་ཕྱིར་བྱུང་བ་མཐོང་ན་དེ་ནི་ས་ལྔ་པར་བལྟའོ། །​གང་གིས་ནམ་མཁའ་ལས་ཕྱིར་བྱུང་བ་མཐོང་ན་ས་དྲུག་པར་བལྟ་སྟེ། བདུད་ཀྱི་ལས་ནི་མ་གཏོགས་སོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་གླེགས་བམ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་གསུམ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་ནི་ཕྱིར་རྒོལ་བ་དང་། སྐུར་པ་འདེབས་པ་མང་པོ་དག་འབྱུང་བར་འགྱུར་ཡང་བར་ཆད་བྱེད་པར་ནི་མི་འགྱུར་རོ། །​དེས་སྡིག་པ་བཤགས་པ་ལན་མང་དུ་བྱ་ཞིང་རྟག་ཏུ་མངོན་བར་བརྩོན་པར་ཡང་བྱ་སྟེ། དེས་ན་དེའི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་ཡང་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​གལ་ཏེ་འཇིག་རྟེན་པ་དང་། ཉན་ཐོས་དང་ལྡན་པའི་གླེགས་བམ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གླེགས་བམ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། །​གང་གིས་ཟབ་མོ་དང་ལྡན་པའི་གླེགས་བམ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། །​བརྩོན་པ་དག་ལ་ལྷའི་བུས་བྱིན་ནམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ཆོས་ཀྱི་གདན་ལ་བཞུགས་པས་བྱིན་ན་དེ་ནི་ས་བདུན་པའི་བར་དག་ཏུ་ཡང་བལྟའོ། །​རྡོ་རྗེས་རབ་འཇོམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-569#UT22084-039-004-569