ལས་ཀུན་བྱེད་པ་ཡིན། །​བྱེ་བ་བཟླས་ནས་དངོས་གྲུབ་སྟེར། །​བྱེ་བ་ལྔ་བཟླས་སྨོས་ཅི་དགོས། །​ཉིན་རེའམ་ཡང་ན་ཟླ་རེ་འམ། །​དེ་བཞིན་ལོ་ནི་རེ་རེ་ལ། །​གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན། །​དབྱུག་གུ་དྲུག་ཅུ་རྩ་བཞིར་ཤེས། །​རྟག་ཏུ་ཅུང་ཟད་ཅི་ཟ་དང་། །​དེ་བཞིན་ཅུང་ཟད་འཐུང་བ་དང་། །​གཞན་ཡང་བཟའ་བ་ཐམས་ཅད་ཀྱི། །​ཕུད་ནི་གཤིན་རྗེའི་གཤེད་ལ་དབུལ། །​དེ་ནས་ཡང་དག་བཤད་བྱ་བ། །​བླ་མ་ལ་ནི་ཡོན་དབུལ་བའོ། །​ལས་ནི་ཐམས་ཅད་བསྒྲུབ་པ་དང་། །​བདག་ཉིད་ཞི་བར་བྱ་བའི་ཕྱིར། །​བདག་ཉིད་ཀྱང་ནི་དབུལ་བ་དང་། །​རྟ་དང་བ་དང་གླང་པོ་དང་། །​གསེར་དང་དེ་ལས་གཞན་པ་དང་། །​རང་གི་ཆུང་མ་དེ་བཞིན་བུ། །​མ་དང་སྲིང་མོ་ཚ་མོ་དང་། །​དེ་བཞིན་དུ་ནི་སྤུན་ཟླ་དང་། །​ན་བཟའ་སྣ་ཚོགས་དག་དང་ནི། །​གདུགས་དང་རྡུལ་ཡབ་མཛེས་པ་དང་། །​ཁྱིམ་དང་གདན་དང་དྲི་ཞིམ་དང་། །​དེ་བཞིན་གླུ་དང་རོལ་མོ་དང་། །རལ་གྲི་དང་ནི་རྒྱན་དག་དང་། །​བརྟུལ་ཞུགས་ཅན་གྱིས་བླ་མར་དབུལ། །​དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ལས་ཉེ་བར་མཁོ་བའི་ལས་ཀྱི་ཁྱད་པར་ཐམས་ཅད་ཞེས་བྱ་སྟེ་རིམ་པར་ཕྱེ་བ་བཅུ་གཉིས་པའོ།​། །​།དེ་ནས་སེམས་ཅན་ཐམས་ཅད་ཀྱི། །​སྡིག་པ་དག་ནི་ཇི་སྙེད་པ། །​དེ་དག་གཅོད་པའི་གྲི་གུག་སྟེ། །​ཞེ་སྡང་གཅོད་པའི་ཤུབས་ཅན་ནོ། །​དེ་ནས་ཡང་དག་བཤད་བྱ་བ། །​རིང་བའི་ཐོས་པ་བསྒྲུབ་པའི་ཕྱིར། །​རྡོ་རྗེ་མཁའ་འགྲོ་མ་སྒྲུབ་ཐབས། །​ནམ་མཁའི་ཁམས་ཀྱི་དབུས་གཏོགས་པར། །​ཉི་མའི་དཀྱིལ་འཁོར་མཆོག་བསམ་བྱ། །​གནས་དེར་རྩེ་ལྔ་པ་ཡང་བསྒོམ། །​དེ་ཡི་སྟེང་དུ་གནས་དགོད་བྱ། །​མཐིང་མདོག་ནག་པོ་འཇིགས་ཚུལ་ལ། །​ཕྱག་དྲུག་འཇིགས་སུ་རུང་བ་སྟེ། །​ཕྱག་ན་རྡོ་རྗེ་རྣམ་བསྒོམ་བྱ། །​ཕྱག་གཞན་དག་ལ་གཞན་དག་དགོད། །​ཤར་དུ་སངས་རྒྱས་མཁའ་འགྲོ་མ། །​ཕྱག་དྲུག་གཏི་མུག་རྡོ་རྗེ་མཚུངས། །​ལག་ན་འཁོར་ལོ་འཇིགས་པར་བྱེད། །​བསྒོམ་བྱ་སྦྱོར་བའི་དཀྱིལ་འཁོར་དུ། །​ལྷོ་རུ་རིན་ཆེན་མཁའ་འགྲོ་མ། །​ཕྱག་དྲུག་ཕྲ་མ་དང་མཚུངས་པ། །​ཕྱག་ན་རིན་ཆེན་རབ་འབར་བ། །​ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །​ནུབ་ཏུ་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh467/UT22084-083-015-1304#UT22084-083-015-1304