དེ་ཡི་རྒྱུ་མའི་ཕྲེང་བ་སོགས། །​བྱ་རྒོད་ཀྱིས་ཁྱེར་མཁའ་ལ་འགྲོ། །​ས་ཡི་འོག་ནས་ཀླུ་དང་ནི། །​ལྷ་མ་ཡིན་ལ་སོགས་པས་རྡེག །​འདི་ལྟར་བསྒྲུབ་བྱ་ཉམས་བྱ་བ། །​སྙིང་རྗེ་ལ་གནས་སེམས་ཀྱིས་ནི། །​བྱེད་པས་འཁོར་བའི་གནས་བཏོན་ནས། །​སངས་རྒྱས་ཞིང་དུ་འགྲོ་བར་བྱེད། །​དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཁྱད་པར་ཅན་གྱི་ཐུགས་ཀྱིས་འདི་ལྟ་བུའི་གསུང་ཕྱུང་བར་མཛད་དོ། །​ཨེ་མའོ་གསད་པའི་ཡང་དག་གསད། །​བསད་པ་མ་ཡིན་སྡིག་ལས་བཀྲོལ། །​ཇི་སྲིད་བསད་ཀྱང་མ་བསད་དོ། །​སྡིག་པ་སྟོང་ཕྲག་བྱས་པ་ཡི། །​མནར་མེད་ལ་སོགས་མི་སྐྱེ་བ། །​ཨེ་མའོ་སངས་རྒྱས་ཆེ་བའི་བདག །​བསད་པས་བྱང་ཆུབ་ཐོབ་པར་བྱེད། །​སེམས་ཅན་གསོད་པ་བསད་པ་ཉིད། །​སྙིང་རྗེ་ཆེན་པོ་ཉིད་ཀྱིས་བྱས། །​ཨེ་མའོ་སྙིང་རྗེ་སྟོབས་ཀྱི་མཆོག །​སྙིང་རྗེ་དམན་པས་འགྲུབ་མི་འགྱུར། །​ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཧཱུྃ་དེ་བ་དཏྟ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཥྚྲཱིཿཝིཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་བ་དཏྟ་མཱ་ར་ཡ་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ལས་རྣམ་པར་རྟོག་པ་གསོད་པའི་རྡོ་རྗེའི་འཁྲུལ་འཁོར་དང་སྔགས་དང་སྨན་གྱིས་གསད་པ་ལ་སོགས་པའི་ཆོ་ག་སྟེ་རིམ་པར་ཕྱེ་བ་བཞི་པའོ།​། །​།དེ་ནས་འཁོར་ལོ་གཉིས་བྲིས་ལ། །​ཡི་གེ་ཕཊ་ཀྱིས་བརྟེན་པ་ཡི། །​བསྒྲུབ་བྱའི་མིང་ནི་བྲི་བྱས་ལ། །​ཐོད་པ་ཁ་སྦྱར་ནང་དུ་གཞུག །​སྐུད་པ་སྔོན་པོས་བཅིངས་བྱས་ཏེ། །​ཉི་མ་ཕྱེད་ཀྱི་དུས་སུ་ནི། །​དུར་ཁྲོད་ས་ཡི་ནང་དུ་སྦ། །​གཤིན་རྗེའི་གཤེད་ཀྱི་སྦྱོར་བ་ཡི། །​རྟ་དང་མ་ཧེ་ཞོན་པ་ཡི། །​ལག་ན་མཚོན་ཐོགས་བསྒྲུབ་བྱ་གཉིས། །​མདུན་དུ་བསྒྲུབ་བྱ་དགོད་པར་བྱ། །​ཁྲོས་པའི་ལུས་ལ་སྤྲུལ་བའི་ཚོགས། །​གཉིས་ཀའི་ཕྱོགས་སུ་བསམ་པར་བྱ། །​གཉིས་ཀས་འཐབ་མོ་མང་པོ་བྱེད། །​ཁྲོས་ཤིང་གདུག་པའི་སེམས་ལྡན་པའི། །​སྟོབས་ལྡན་ཁྲོས་པ་བསྒོམ་པར་བྱ། །​བསྒོམས་པས་བཟླས་པ་བརྩམ་པར་བྱ། །​ཨོཾ་ཧྲཱིཿཥྚྲཱིཿཝིཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་བ་དཏྟ་ཡ་ཛྙཱ་དཏྟེ་བི་དྭེཥཱ་ཡ་ཧཱུྃ་ཕཊ། འདི་ནི་བཅོམ་ལྡན་འདས་ཀྱིས་དབྱེ་བའི་ཆོ་ག་གསུངས་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh467/UT22084-083-015-1292#UT22084-083-015-1292