ཁ་བལྟས་ཏེ། །​ཁྲོ་ཆེན་རབ་ཏུ་དྲག་པོའི་གཟུགས། །​རུས་པས་མགོ་བོ་རྣམ་བརྒྱན་ལ། །​མ་ཧེ་ལ་བཞུགས་ལྕེ་ཕྱུང་འདྲིལ། །​གསུས་པ་ཆེ་ལ་རབ་འཇིགས་པ། །​སྐྲག་བྱེད་སྐྲ་འབར་གྱེན་དུ་འགྲེང་། །​སྨ་ར་སྨིན་མ་དེ་བཞིན་སེར། །​གཡས་ན་རྡོ་རྗེ་ཆེན་པོ་དང་། །གཉིས་པ་ན་ནི་རལ་གྲི་དང་། །​གསུམ་པའི་ཕྱག་ན་གྲི་གུག་གོ། །​ད་ནི་གཡོན་པའི་བྲི་བར་བྱ། །​འཁོར་ལོ་དང་ནི་པདྨ་ཆེ། །​ཐོད་པ་ཉིད་ནི་གཡོན་ནའོ། །​རྩ་བའི་ཞལ་ནི་ཤིན་ཏུ་གནག །​གཡས་པའི་ཟླ་འོད་བཟང་པོ་འདྲ། །​གཡོན་པའི་དམར་པོ་ཡིན་པར་བརྟག །​རྡོ་རྗེ་རྒྱན་གྱིས་རབ་ཏུ་བརྒྱན། །​བ་སྤུ་ཁུང་ནས་འཇིགས་ཆེན་པོ། །​རང་རིགས་བདག་པོ་རབ་འཕྲོ་བ། །​ཉི་མའི་དཀྱིལ་འཁོར་སྟེང་ན་ནི། །​ཞབས་ནི་གཡོན་པ་བརྐྱང་བས་གནས། །​མཆེ་བ་གཙིགས་ཤིང་རྒྱགས་པ་ཡིས། །​བསྐལ་པའི་འབར་བ་མེ་དང་མཚུངས། །​འདི་ལྟ་བུ་ཡི་བདག་ཉིད་ཀྱིས། །བསྒྲུབ་པར་བྱ་བ་མདུན་དུ་དགོད། །​གདུག་པའི་མཚོན་གྱིས་བརྒྱབ་པ་ཡིས། །​དྲི་མ་ཅན་ལ་ནད་ཀྱིས་གཟིར། །​གོས་མེད་འདར་ཞིང་ཉམ་ཆུང་བས། །​དོན་འདོད་པ་ཡི་ཚིག་སྨྲ་ཞིང་། །​མཚོན་གྱིས་གཟིར་བར་བྱས་པ་ཡི། །​རྣག་གི་ཐུམ་པོས་ལུས་གང་བ། །​གྲང་བའི་རླུང་གིས་གཙེས་གྱུར་ཞིང་། །​མེ་ཡི་ནང་དུ་ཞུགས་པ་ལ། །​མ་ཧེ་དང་ནི་སྟག་དག་དང་། །​ཁྱི་དང་མཆུ་རིངས་ཅན་དག་གིས། །​སངས་རྒྱས་སྡེ་ནི་མངོན་འཇིགས་པའི། །​སྡིག་པོ་ཆེ་ནི་བཟའ་བར་བྱེད། །​མཐར་བྱེད་པ་ཡི་ལྷོར་གནས་པ། །​ཚེར་མས་ལུས་ནི་བཀང་བ་དང་། །​རྐང་པ་ཤིང་ལྕགས་སྒྲོག་གིས་བསྡམས། །​དེ་བཞིན་དུམ་བུ་དུམ་བུར་བྱས། །​པགས་པ་དག་ནི་བཤུས་བྱས་ནས། །​དེ་ལ་ཚྭ་དང་སྐེ་ཚེ་བསྐུས། །​ཧཱུྃ་ཞེས་ཟེར་བ་བསྒོམ་པར་བྱ། །​དེ་ཡི་ལུས་བསྲུང་ལ་སོགས་པ། །​གཅད་པ་དག་ནི་མདུན་དུ་དགོད། །​དེ་ཡི་གོ་ཆའང་མེད་བྱས་ནས། །​སྟོང་པའི་ལུས་ནི་མདུན་དུ་བསམ། །​རང་གི་ལུས་བྱུང་ཁྲོ་བོ་ནི། །​གཤིན་རྗེའི་གཤེད་སོགས་བདག་ཉིད་འདྲས། །​དེ་ཡི་ལུས་ལ་བརྒྱབ་ནས་ནི། །​ཚིལ་བུ་རྐང་དག་འཐུང་བར་བྱེད། །​དེ་ཡི་མདུན་དུ་གཤིན་རྗེ་བསྒོམ། །​ལག་ན་དབྱིག་པ་སྟོབས་པོ་ཆེ། །​གདུག་པ་ཅན་དེས་རྡེག་པར་བྱེད། །


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh467/UT22084-083-015-1291#UT22084-083-015-1291