ཡི་གེས། །​དུག་རྣམས་མ་ལུས་པར་ནི་སེལ་མ། །​ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །​ལྷ་དང་མིའམ་ཅི་ཡིས་བསྟེན་མ། །​ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །​རྩོད་དང་རྨི་ལམ་ངན་པ་སེལ་མ། །​ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །​སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །​ཧ་ར་གཉིས་བརྗོད་ཏུ་ཏྟྭ་ར་ཡིས། །​ཤིན་ཏུ་དྲག་པོའི་རིམས་ནི་སེལ་མ། །​ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། །​ཞི་བའི་མཐུ་དང་ཡང་དག་ལྡན་མ། །​གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །​འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །​རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །​ལྷ་མོ་ལ་གུས་ཡང་དག་ལྡན་པའི། །​བློ་ལྡན་གང་གིས་རབ་ཏུ་བརྗོད་པས། །​སྲོད་དང་ཐོ་རངས་ལངས་པར་བྱས་ནས། །​དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །​སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །​ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །​མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །​འདི་ལས་ཆེ་བ་ཉིད་ནི་འཐོབ་ཅིང་། །​སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །​དེ་ཡི་དུག་ནི་དྲག་པོ་ཆེན་པོ། །​བརྟན་གནས་པའམ་གཞན་ཡང་འགྲོ་བ། །​ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །​དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །​གདོན་དང་རིམས་དང་དུག་གིས་གཟིར་བའི། །​སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེ། །​སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །​གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །​བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །​ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །​འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །​བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །​བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟོད་པ་གསུངས་པ་རྫོགས་སོ།​། །​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh438/UT22084-081-007-117#UT22084-081-007-117