གཤེགས་པ་འདོད་པའི་ཁམས་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །​ཁྱིམ་བདག་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ན་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་ཤིན་ཏུ་ཐུགས་སུ་ཆུད་པར་མཛད་དེ། ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་གང་འདོད་པའི་ཁམས་ཤེས་པ་དེ་ལ་ཞུ་བ་ཞུས་པའི་སྤོབས་པ་ཟད་མི་ཤེས་སོ། །​ཁྱིམ་བདག་དེ་ལྟ་བས་ན་འདིར་གང་གིས་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས། འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དང་། ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང་རྐྱེན་གང་དག་གིས་འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་ལྟ་བར་གནས་པ་ནས། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་ལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་འདོད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་། དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2629#UT22084-047-001-2629