ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཁམས་སྣ་ཚོགས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདོད་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ། འདོད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་འདོད་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་དུ་སྦྱར་ཏེ། དེ་ལྟར་ན་གནོད་སེམས་ཀྱི་ཁམས་ཤེས་པ་དང་། རྣམ་པར་འཚེ་བའི་ཁམས་ཤེས་པ་དང་། ངེས་པར་འབྱུང་བའི་ཁམས་དང་། གནོད་སེམས་མེད་པའི་ཁམས་དང་། རྣམ་པར་མི་འཚེ་བའི་ཁམས་དང་། ལོག་པར་ལྟ་བའི་ཁམས་དང་། འདས་པའི་ཁམས་དང་། མ་འོངས་པའི་ཁམས་དང་། ད་ལྟར་བྱུང་བའི་ཁམས་དང་། དགེ་བའི་ཁམས་དང་། མི་དགེ་བའི་ཁམས་དང་། ལུང་དུ་མ་བསྟན་པའི་ཁམས་དང་། ཟག་པ་དང་བཅས་པའི་ཁམས་དང་། ཟག་པ་མེད་པའི་ཁམས་དང་། ཟང་ཟིང་དང་བཅས་པའི་ཁམས་དང་། ཟང་ཟིང་མེད་པའི་ཁམས་དང་། འཕགས་པའི་ཁམས་དང་། འཕགས་པ་མ་ཡིན་པའི་ཁམས་དང་། འཇིག་རྟེན་པའི་ཁམས་དང་། འཇིག་རྟེན་ལས་འདས་པའི་ཁམས་དང་། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཤེས་པ། ཀུན་འབྱུང་བ་ཤེས་པ། འདུས་མ་བྱས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ། འདུས་མ་བྱས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་འདོད་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་སྲེད་པའི་རྣམ་པར་སྤྱོད་པ་སུམ་ཅུ་རྩ་དྲུག་གིས་ཀུན་ནས་ཉོན་མོངས་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་ལ་ཤེས་པ་དང་། མཐོང་བ་དང་། གསལ་བ་དང་། མངོན་པར་རྟོགས་པ་དང་། ཡང་དག་པར་ཁོང་དུ་ཆུད་པ་དང་། མཁས་པ་གང་ཡིན་པ་འདི་ནི་འདོད་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2628#UT22084-047-001-2628