སྐད་ཅེས་སྨྲས་སོ། །​གང་པོ་རིང་བ་དེ་ནས་བཅོམ་ལྡན་འདས་དེ་ཇི་སྲིད་ཅིག་གིས་འདིར་བྱོན་སྨྲས་པ། ཁྱིམ་བདག་དེ་བཞིན་གཤེགས་པ་ལ་ནི་རིང་བའམ་ཉེ་བ་མེད་དེ། ཁྱིམ་བདག་བཅོམ་ལྡན་འདས་དེ་བཞེད་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གྲངས་མེད་པའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་ལྷག་པའི་འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་དག་ཏུ་གཤེགས་སོ། །​ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དག་མཁྱེན། ཤིན་ཏུ་མཁྱེན། ཤིན་ཏུ་གཟིགས། ཤིན་ཏུ་ཐུགས་སུ་ཆུད། ཤིན་ཏུ་མངོན་སུམ་དུ་མཛད་དེ། མིག་བཙུམས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དག་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་བཞིན་གཤེགས་པས་དེ་བཞེད་ན་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་བློ་ཉེ་བར་བཞག་ནས། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་དག་ཏུ་གཤེགས་སོ། །​གང་པོ་བདག་གི་དགེ་བའི་རྩ་བ་ཡོངས་སུ་གཟུང་བའི་ཕྱིར་དེ་བཞིན་གཤེགས་པ་དེ་ཞལ་ཟས་བཟང་པོ་ལ་ཉེ་བར་སྤྱན་དྲངས་ན་གཤེགས་སམ། ཁྱིམ་བདག་གལ་ཏེ་ཅུང་ཟད་ཡོངས་སུ་གཏོང་བ་ལྟ་ན་དེ་བཞིན་གཤེགས་པ་དེ་ཞལ་ཟས་གཙང་མ་ལ་སྤྱན་དྲོངས་ཤིག་དང་། ཁྱོད་ཀྱི་དགེ་བའི་རྩ་བ་ཡོངས་སུ་གཟུང་བའི་ཕྱིར་བཅོམ་ལྡན་འདས་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་གཤེགས་སོ། །​དེ་ནས་ཁྱིམ་བདག་ཕྱྭ་མཁན་གྱིས་ཚེ་དང་ལྡན་པ་གང་པོའི་ལྟར་མཉན་ནས། མེ་ཏོག་དང་། ཕྲེང་བ་དང་། བདུག་པ་དག་བླངས་ཏེ། ཙན་དན་གྱི་ཁྱམས་དང་། ཁང་བཟངས་ཀྱི་སྟེང་དུ་འཛེགས་ནས་མེ་ཏོག་གིས་བརྒྱན། སྤོས་ཀྱིས་བྱུགས་ནས། བཅོམ་ལྡན་འདས་དེ་ཕྱོགས་གང་ལོགས་ན་བཞུགས་པ་དེར་ཕྱོགས་ནས་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བ་ཉེ་བར་དགོངས་ཏེ། ཞལ་ཟས་བཟང་པོ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གཤེགས་པར་ཅི་གནང་། བཅོམ་ལྡན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2772#UT22084-047-001-2772