མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་གསོ་བའི་དཔྱད་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལྟ་བས་ན་འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་གཞན་གྱིས་མ་བསྟན་ཅིང་། གཞན་ལ་རག་མ་ལས་པའི་ཤེས་པས་སེམས་ཅན་རྣམས་ལ་ཕན་གདགས་པའི་དོན་དུ་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནི་ཙན་དན་གྱི་ཁྱམས་དང་། ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​དེ་སྐད་ཅེས་སྨྲས་པ་དང་། ཁྱིམ་བདག་ཕྱྭ་མཁན་གྱིས་ལག་གི་བླ་ཚེ་དང་ལྡན་པ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །​གང་པོ་བཅོམ་ལྡན་འདས་དེ་ད་ལྟར་གང་ན་བཞུགས། དེ་སྐད་ཅེས་སྨྲས་པ་དང་། ལག་གི་བླ་གང་པོས་ཁྱིམ་བདག་ཕྱྭ་མཁན་ལ་འདི་སྐད་ཅེས་སྨྲས་སོ། །​ཁྱིམ་བདག་བྱང་ཕྱོགས་ལོགས་ན་ཀོ་ས་ལ་ཞེས་བྱ་བའི་ཡུལ་གྱི་ལྗོངས་ཡོད་དེ། གངས་རིའི་རྒྱལ་པོའི་དྲུང་ན་མཉན་ཡོད་ཅེས་བྱ་བ་གྲོང་ཁྱེར་ཆེན་པོ་དེ་ན་རྒྱལ་པོའི་བུ་གཞོན་ནུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། བཅོམ་ལྡན་འདས་དེ་ད་ལྟར་བཞུགས་སོ། །​དེ་སྐད་ཅེས་སྨྲས་པ་དང་། ཁྱིམ་བདག་ཕྱྭ་མཁན་གྱིས་ལག་གི་བླ་ཚེ་དང་ལྡན་པ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །​གང་པོ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་འདི་ནས་རིང་ཁྱད་ཅི་ཙམ་སྨྲས་པ། ཁྱིམ་བདག་དེ་དཔག་ཚད་སུམ་སྟོང་དྲུག་ཅུ་རྩ་བཞི་ཡོད་དོ། །​དེ་སྐད་ཅེས་སྨྲས་པ་དང་། ཁྱིམ་བདག་ཕྱྭ་མཁན་གྱིས་ལག་གི་བླ་ཚེ་དང་ལྡན་པ་གང་པོ་ལ་འདི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2771#UT22084-047-001-2771