སྡུག་བསྔལ་སྤང་བ་རབ་ཏུ་མི་ཤེས་པའོ། །​དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་སྲིད་པའི་ཟག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་སྲིད་པའི་ཟག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ལྟ་བའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ལམ་གོལ་བར་ཞུགས་པ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། ཆད་པར་ལྟ་བ་དང་། རྟག་པར་ལྟ་བའོ། །​དེ་ཅིའི་ཕྱིར་ཞེ་ན། གང་ཆད་པའི་ཆོས་དེ་གང་ཡང་མེད་ཅིང་། གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའི་ཆོས་དེ་ཡང་མི་དམིགས་ཏེ། གཞན་དུ་ན་ལས་ཚོགས་པ་དག་གིས་སྐྱེ་སྟེ། ཁྱིམ་བདག་འདི་ལྟ་སྟེ་དཔེར་ན། ཆུ་ཆེན་པོ་འབབ་པ་ན་སྒྲ་འབྱུང་ལ། དེའི་སྒྲ་འབྱུང་བ་ལ་བྱེད་པ་པོ་སུ་ཡང་མེད་དེ། གཞན་དུ་ན་ཚོགས་པའི་སྦྱོར་བས་འབྱུང་ངོ་། །​ཁྱིམ་བདག་དེ་བཞིན་དུ་རྐྱེན་ཡོད་ན། འཁོར་བའི་རྒྱུན་དུ་འཇུག་སྟེ། ཉོན་མོངས་པ་དག་ཡོད་ན་ལས་བྱེད་ལ། ལས་ཡོད་ན་རྣམ་པར་སྨིན་པ་མངོན་པར་འགྲུབ་ཅིང་འདིར་སོ་སོར་མྱོང་བར་མངོན་པར་འདུ་བྱེད་པ་གང་ཡང་མེད་དེ། གཞན་དུ་ན་རྐྱེན་དེ་དག་ཡོད་ཅིང་ཚོགས་པས་འགྲུབ་བོ། །​དེ་ལ་བུས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་དག་འདི་སྙམ་དུ་སེམས་ཏེ། ངས་ལས་འདི་མངོན་པར་འདུ་བྱས་པ་གང་ངའི་རྣམ་པར་སྨིན་པ། སོ་སོ་ཡང་དག་པར་མྱང་བར་བྱའོ་ཞེས་དེ་ལྟར་ང་རྒྱལ་ལ་མངོན་པར་ཞེན་པ་ཡོད་པས་འཁོར་བའི་རྒྱུན་མི་འཆད་དོ། །​དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་ལྟ་བའི་ཟག་པ་ཤེས་པ་ཞེས་བྱ་སྟེ། ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་ལྟ་བའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ལྟ་བའི་ཟག་པ་ཤེས་པ་དེ་ལ་ཡང་ཞུ་བ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2720#UT22084-047-001-2720