བ་ནི་མཐོ་རིས་སུ་འགྲོའོ། །​མི་སྐྱེ་བའི་མཚན་མ་དག་མཐོང་བ་ནི་མྱ་ངན་ལས་འདས་པར་འགྲོའོ་ཞེས། ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་སྐྱེ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་སྐྱེ་བ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། འདོད་པའི་ཟག་པ་ནི་ཡོངས་སུ་རྟོག་པ་ལས་བྱུང་བའི་ངོ་བོ་ཉིད་དང་བྲལ་བ་ཡང་དག་པ་མ་ཡིན་པ། སོ་སོ་ཉེ་བར་གཞོག་པ། དགེ་བའི་རྩ་བ་རྣམ་པར་འཇིག་པར་བྱེད་པ། བཅིངས་པ་ལྷོད་ཀྱང་རབ་ཏུ་ཐར་བར་དཀའ་བ་མི་བཤེས་ཀྱང་བཤེས་པ་ལྟར་སྣང་བ། བར་དུ་གཅོད་པར་བྱེད་པ་མི་འཐུན་པ་རྣམ་པ་དུ་མ་དག་ཏུ་མཚུངས་པའོ། །​དེ་ལ་ཤེས་པ་དང་། མཐོང་བ་དང་། གསལ་བ་དང་། མངོན་པར་རྟོགས་པ་དང་། ཡང་དག་པར་ཁོང་དུ་ཆུད་པ་དང་། མཁས་པ་གང་ཡིན་པ་འདི་ནི་འདོད་པའི་ཟག་པ་ཤེས་པ་ཞེས་བྱ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་འདོད་པའི་ཟག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་སྲིད་པའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སྲིད་པ་ལ་སྲེད་པ་དང་། སྲིད་པ་ལ་རྟག་ཏུ་མངོན་པར་དགའ་བ་དང་། སྲིད་པའི་བྱ་བ་ལ་ཆགས་པ་དང་། སྲིད་པ་ལ་རོ་མྱང་བར་བལྟས་པ་དང་། སྲིད་པ་གང་གི་དབང་གིས་སྔོན་གྱི་མཐའ་མ་ཤེས་ཏེ། སྡུག་བསྔལ་ཉམས་སུ་མྱོང་ལ་སྲིད་པ་དེའི་སྡུག་བསྔལ་ལ་ཆགས་ཤིང་རབ་ཏུ་མི་ཤེས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2719#UT22084-047-001-2719