དབྱངས་ནི་རྒྱལ་ཡུམ་ལྟ་བྱེད་སྲས། །​ན་ཚོད་བཟང་པོ་ཞེས་བྱ་རིམ་གྲོ་པ། །​ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །​རྣམ་པར་གྲོལ་བའི་བཀོད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །​སྤྱོད་པ་འཁྲུལ་པ་མེད་པར་གྱུར་པ་པོ། །​བྱེ་བ་ཕྲག་ནི་དྲུག་ཅུ་བདུན་བདུན་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་བཞི་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ཏེ། །​ཞིང་རྣམས་མཆོད་རྟེན་དག་གིས་གང་བར་འགྱུར། །​དེ་བཞིན་གཤེགས་པ་མཛེས་པར་གཤེགས་པ་ཡི། །​སྐྱེ་བའི་ཡུལ་ནི་བདེན་པ་གསལ་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​དགུ་བཅུ་རྩ་བཞི་ཡབ་ནི་བཀོད་པ་ཡིན། །​གཟི་བརྗིད་ཆེན་མོ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་དེས་པ་བཟང་པོ་རིམ་གྲོ་པ། །​ཡིད་འཇམ་པ་ཞེས་བྱ་བ་མཁས་པ་སྟེ། །​བྱང་ཆུབ་དྲང་པོ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་ལྔ་ཀུན་ལའང་། །​ལེགས་དུལ་ཡིད་ལྡན་གླང་པོ་འདྲ་བ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བཞི་པ་བཀོད་པ་ཡིད་དུ་འོང་། །​དེ་བཞིན་གཤེགས་པ་བསོད་ནམས་སྒྲོན་མ་ཡི། །​སྐྱེ་བའི་ཡུལ་ནི་སྒྲོན་མའི་ཏོག་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བཅུ་ཡོད་ཡབ་ནི་ལྷ་བཟང་ཡིན། །​གྲགས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་འཕྲུལ་ཅན་མཐུ་རྩལ་རིམ་གྲོ་པ། །​མཆོད་རྟེན་གྲགས་ཞེས་བྱ་བ་མཁས་པ་སྟེ། །​གཟུངས་ཀྱི་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །​སྲིད་པ་ཀུན་ལས་རྣམ་གྲོལ་ཡིད་ལྡན་པ། །​བྱེ་བ་ཕྲག་ནི་དྲུག་ཅུ་ལྔ་ལྔ་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །​འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག །​རྒྱས་པར་འགྱུར་ཏེ་ཞིང་རྣམས་གང་བར་འགྱུར། །​སེམས་ཅན་སྙིང་པོ་བཀྲ་ཤིས་ལྡན་པ་ཡི། །​སྐྱེ་བའི་ཡུལ་ནི་གཟི་བརྗིད་གསལ་ཞེས་བྱ། །​རིགས་ནི་རྒྱལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14422#UT22084-045-001-14422