རྗེ་ཆེན་པོ་མྱ་ངན་འདས་ནས་ཀྱང་། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​དེ་བཞིན་གཤེགས་པ་སེང་གེའི་བློ་གྲོས་ཀྱི། །​སྐྱེ་བའི་ཡུལ་ནི་མདངས་སྣང་བྱེད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དགུ་ཡོད་ཡབ་ནི་ཡིད་འོང་ཡིན། །​ལྷ་དགའ་ཞེས་ནི་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་སྟོན་བྱེད་མཛེས་ཅན་རིམ་གྲོ་པ། །​མཆོད་པར་འོས་ཞེས་བྱ་བ་མཁས་པ་སྟེ། །​དད་པར་བྱེད་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །​ལྷ་ཡི་གནས་པའི་ཕ་རོལ་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་སུམ་ཅུ་དྲུག་དྲུག་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཆིག་སྟོང་ཡིན། །​དམ་ཆོས་ལོ་གྲངས་བྱེ་བའི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །​བཅུ་གཅིག་པ་གཅིག་གསེར་གྱི་བླ་རེར་ལྡན། །​རིན་ཆེན་མཆོག་མ་བྱེ་བས་རྣམ་པར་སྤྲས། །​དེ་བཞིན་གཤེགས་པ་རིན་ཆེན་གྲགས་པ་ཡི། །​སྐྱེ་བའི་ཡུལ་ནི་གསེར་གྱི་སྒྲོན་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བཅུ་གསུམ་ཡབ་ནི་ལྷ་བཟང་ཡིན། །​སྙན་པར་གྲགས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལེགས་འོངས་བློ་ལྡན་རིམ་གྲོ་པ། །​ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །​གཏི་མུག་མེད་པར་གནས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་གཅིག་ཀུན་ལའང་། །​ཐམས་ཅད་གནས་པ་མེད་པའི་ལམ་ཐོབ་པ། །​བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །​ཆགས་པ་མེད་པར་གྱུར་པའི་དམ་ཆོས་དག །​ལོ་གྲངས་དགུ་ཁྲི་དགུ་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ཞིང་རྣམས་ཀུན་དུ་མཆོད་རྟེན་བཟང་པོས་གང་། །​སེམས་ཅན་སྙིང་པོ་དོན་ནི་མཛད་པ་ཡི། །​སྐྱེ་བའི་ཡུལ་ནི་ལྷ་ཡིས་བཀོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་ལྔ་བརྒྱ་ཡབ་ནི་སྤོང་པ་ཡིན། །​གྲགས་ཏོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བྱང་ཆུབ་ཆོས་ལྡན་རིམ་གྲོ་པ། །​ཡོན་ཏན་གནས་ཞེས་བྱ་བ་མཁས་པ་སྟེ། །​རྣམ་གྲོལ་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​དགྲ་དག་ཆོམས་པ་དེ་དག་འདུས་པའི་གྲངས། །​བྱེ་བ་ཕྲག་ནི་འབུམ་འབུམ་འདུས་པར་འགྱུར། །​མི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14419#UT22084-045-001-14419